འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་17ཉིན།

༄༅།།བརྩེ་སེམས་མཚོ་ལྟར་ཟབ། དམ་བཅའ་རི་ལྟར་བརྟན།

—— བོད་ཀྱི་མཐའ་མཚམས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་པའི་སྐོར་གྱི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་17ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའེ་ཡུང་ཀོན་དང་། ཁྲེན་ཧྲང་ཚའེ། པའེ་ཧྲའོ་པོ།
     ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གིས་ལྷིང་འཇགས་ཁྲོད་སླར་ཡང་ཞོགས་པ་བསུས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ནང་མིའི་སྦག་སྦག་ལ་བཞོན་ནས་རི་ལར་ཕྱུགས་འཚོ་བར་བསྐྱོད། ཁོང་ཚོའི་རྒྱབ་ཕྱོགས་ནི་ཁྱིམ་ཚང་ཚང་མའི་ཁང་སྟེང་དུ་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དག་རེད།
    ངའི་སྤོབས་པ་ཆེ་ཤོས་ནི། མེས་རྒྱལ་གྱི་ས་ཆ་སྦར་མོ་གང་ཡང་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ཡིན།
    ཡུལ་སྨད་ཤང་ལ་སྔོན་ཆད“ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང”ཞེས་བརྗོད་ཀྱི་ཡོད། དེ་སྔ་སྐབས་ཤིག་རིང་སྒྲོལ་དཀར་དང་། གཡང་འཛོམས། ཕ་སངས་རྒྱས་ཆོས་པ་བཅས་མི་གསུམ་དེ་གར་འཚོ་བ་སྐྱེལ་གྱི་ཡོད་པ་དང་། ཁོང་ཚོས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་མཐའ་མཚམས་སུ་ཕྱུཌ་འཚོས་ནས་མེས་རྒྱལ་གྱི་ས་ཆ་སྲུང་སྐྱོང་བྱས་ཡོད།
    2017ལོའི་ཟླ་10ཚེས་28ཉིན། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་འཕྲིན་ལན་འབྱོར་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཚོར་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ་འབྲོག་པ་མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་རྒྱུར་སྐུལ་ཁྲིད་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་དེས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། མང་ཚོགས་དེ་བས་མང་བས་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་མཚམས་བརྟན་སྲུང་བྱ་རྒྱུར་སྐུལ་མའང་ཐེབས་ཡོད།
   བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་དབུས་བྱང་གྲོང་ཚོ་ནི་སྤང་གོང་མཚོའི་བྱང་ངོགས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་གྱི་ཡོད། གྲོང་མི་ཕུན་ཚོགས་རྣམ་རྒྱལ་གྱི་ནང་མི་མི་རབས་བཞིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཕྱུགས་འཚོ་མཐའ་སྲུང་བྱས་པའི་གཏམ་རྒྱུད་དེ་གར་གང་སར་ཁྱབ་ཡོད།
    དུས་རབས་20པའི་དུས་འགོར་ཕུན་ཚོགས་རྣམ་རྒྱལ་གྱི་སྤོ་བོ་བསམ་འཕེལ་ནོར་བུས་རང་ཁྱིམ་གྱི་ལྷས་ར་མཐའ་མཚམས་སུ་སྤོས་པ་མ་ཟད། ལྷས་ར་དེ་མཐའ་མཚམས་ཀྱི་ལམ་ཐིག་ཐོག་བསྐྲུན་པ་དང་། བསམ་འཕེལ་ནོར་བུ་དགུང་ལོ་བགྲེས་རྗེས་བུ་མོ་ཆུང་བ་བསྟན་འཛིན་དབང་མོས་ཕ་ཤུལ་བུ་འཛིན་གྱིས་མཐའ་མཚམས་སུ་ཕྱུགས་འཚོ་རྒྱུ་མཐའ་འཁྱོངས་བྱས་པ། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཕུན་ཚོགས་རྣམ་རྒྱལ་གྱིས་རང་ཁྱིམ་གྱི་ཁལ་མ་ཐེངས་མང་སྤྱད་དེ་མཐའ་སྲུང་ལེན་ཤོག་ལ་དམག་མཁོའི་དངོས་ཟོག་སྐྱེལ་འདྲེན་བྱེད་རོགས་བྱས་པ། ཕུན་ཚོཌ་རྣམ་རྒྱལ་གྱི་བུ་ཆོས་ངག་སློབ་ཆེན་ཐོན་རྗེས་མངའ་རིས་སུ་ལོག་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་བསྒྲཌ་བྱས་པ་རེད།
   ཆོས་ངག་གིས“ང་ཚོས་ཕྱུཌ་འཚོ་བ་ཙམ་མིན་པར་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པ་དེར་རང་ཉིད་ལ་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།
   རི་བོ་དེ་གར་ཡོད་པས། དེ་གར་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།
    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནི་རྒྱ་གར་དང་འབར་མ་དང་ས་འབྲེལ་ཡིན་པ་དང་། རྫ་ཡུལ་སྨད་གྲོང་རྡལ་སྟེང་པ་བའི་གྲོང་གསར་དུ་སྐྱོད་སྐབས་སྔོ་ཐིང་ཐིང་གི་ཁམ་བུ་སྨི་ཧོའུ་ཡི་ཞིང་ཁ་དང་སྡོད་ཁང་གསར་པ་མང་པོ་ཕན་ཚུན་བརྒྱན་པ་ལྟར་སྣང། ཐུན་མོང་མ་ཡིན་པའི་ས་ཁམས་གནམ་གཤིས་ལ་བརྟེན་ནས་ཉེ་བའི་ལོ་ཤས་རིང་རྫ་ཡུལ་སྨད་གྲོང་རྡལ་གྱིས་ཁམ་བུ་སྨི་ཧོའུ་འདེབས་འཛུཌ་ཁྱབ་གདལ་གཏོང་འགོ་ཚུཌ་ཡོད། ད་ཆ་རྫོང་ཡོངས་ཀྱི་ཁམ་བུ་སྨི་ཧོའུ་འདེབས་ཁྱོན་མུའུ་2300ལྷག་ཙམ་ཟིན་པ་དང་ལོར་ཐོན་ཚད་སྤྱི་རྒྱ་ཁྲི་15ཟིན་གྱི་ཡོད། “ད་ཆ་སྣུམ་ནག་ལམ་ཁྱིམ་གྱི་སྒོ་རྩར་བཏིང་བ་དང་ཁམ་བུ་སྨི་ཧོའུ་གྲོང་ཚོའི་མཐའ་འཁོར་དུ་བཏབ་ཡོད། བསམ་བློ་ཇི་ལྟར་བཏང་ན་ཡང་དེ་ནི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད”ཅེས་གྲོང་མི་ཧུང་ཝུའེ་ཡིས་བཤད།
    མཐའ་མཚམས་དར་རྒྱས་བྱུང་ན་མི་སེར་བདེ་ལ་འཁོད། མི་སེར་ཕྱུག་པོ་ཆགས་ན་མཐའ་མཚམས་སྲ་ཞིང་བརྟན།
    2018ལོའི་ཟླ་2པར། བོད་ཀྱིས“ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཀྱི་དྲ་བ་དང་། ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་བཅས(སྤྱི་ཚོགས་འགན་སྲུང)”ཀྱི་མཐོར་གཏོང་ལས་གྲྭ་ཁག་བཅུ་ལག་བསྟར་བྱེད་འགོ་བཙུགས་ནས། མཐའ་མཚམས་མི་སེར་དབུལ་སྒྲོལ་ཕྱུག་འགྱུར་དང་མཐའ་སྲུང་མཐའ་བརྟན་ཟུང་འབྲེལ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ནུས་ཤུགས་ཡོད་རྒུས་བསལ་བས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད།
    2020ལོའི་ལོ་མཇུག་བར་བོད་དུ་ཚད་གཞི་མཐོ་བའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་604བསྐྲུན་པ་དང་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་206ཚང་མ་ལས་འགོ་ཚུཌ་ཡོད། མཐའ་མཚམས་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ལམ་ཐག་སྤྱི་ལེ་3080ཟིན་པའི་མཐའ་མཚམས་གཞུང་ལམ་ཁག་130གསར་སྐྲུན་རྒྱས་སྐྲུན་བྱས་པ། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)ཚང་མར་སྣུར་སྲིང་བྱས་པ། གྲོང་ཚོ་ཚང་མར་སྦྲག་སྲིད་ཤར་གཏོང་ཐུབ་པ། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ། གྲོང་གསེབ་ཀྱི་གྲོང་མིའི་འཐུང་ཆུའི་བདེ་འཇགས་ཕྱོགས་ཡོངས་ནས་འགན་ལེན་ཐུབ་ཡོད།
   འདིར་འཇིག་རྟེན་དང་བར་ཐག་ཆོད་དེ་ལོ་ལྟར་ལོ་ཕྱེད་ཙམ་གངས་ཆེན་བབས་ནས་རི་རྒྱ་བསྡམས་མོད། འོན་ཀྱང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྲིད་ཇུས་ང་ཚོའི་ལུང་ཁུག་དུའང་ལག་བསྟར་བྱས་ཡོད། “ད་ཆ་དངུལ་ཡོད་པ་དང་ཕྱི་རོལ་དུ་ལས་ཀ་བྱེད་རྒྱུ་ཡོད”ཅེས་ལོ་31ལ་སླེབས་པའི་མང་ཚོགས་རིན་ཆེན་དངོས་གྲུབ་ཀྱིས་བཤད་ཅིང་། ཁོང་གིས“རི་བོ་དེ་གར་ཡོད་པས་ང་ཚོའི་རྒྱལ་ཁབ་དང་ཁྱིམ་ཚང་ཡང་དེ་གར་ཡོད”ཅེས་བརྗོད།
    འཚོ་བ་ཉིན་རེ་ལས་མ་འདས་པར་ལེཌ་སུ་ཕྱིན་པས། འབྱོར་འབྲིང་འཚོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད།
   བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོར་སྐྱོད་སྐབས། ནགས་ཚལ་སྟུག་པོས་བསྐོར་བའི་འབྲོག་རར་བྱིའུ་ཆུང་གསུང་སྐད་སྙན་ལ་མེ་ཏོག་གི་དྲི་ཞིམ་འཐུལ་བ་དང་། རྩྭ་ཆུ་བཟང་ལ་ནོར་ལུག་ཤ་ཤེད་རྒྱས་པ་ཞིག་ཡོད།
    ཡག་ཤར་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཁྱུང་གླིང་གྲོང་ཚོའི་གྲོང་མི་ཡིན་པ་དང་། ཁྱུང་གླིང་གྲོང་ཚོའི་ལྷོ་པ་རིགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་2015ལོའི་ཟླ་5པར་ཁོང་གིས་གྲོང་ཚོའི་བུད་མེད་ཁག་གཅིག་སྒྲིག་འཛུགས་བྱས་ཏེ“ལྷོ་པའི་འཁལ་འཐག་ཞིང་འབྲོག་པའི་མཉམ་ལས་ཁང”བཙུགས་ཤིང་། མིག་སྔར། མཉམ་ལས་ཁང་གིས་གྲོང་ཚོའི་བུད་མེད་47མཉམ་ལས་ཁང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་མ་ཟད་ཡོང་འབབ་བགོ་འགྲེམས་ཀྱང་རག་ཡོད།
   ཉེ་བའི་ལོ་ཤས་རིང་། ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་མང་ཚོགས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་གནས་ཡུལ་རོང་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་བྲིན་ཚོང་ཚོགས་ཆུང་4བཙུགས་པས་ལོ་5ཡི་རིང་གྲོང་ཚོ་ཡོངས་ལ་འབབ་འཕར་སྒོར་ཁྲི་50ལྷག་ཙམ་བྱུང་ཡོད། 2020ལོར་ཁྱུང་གླིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་550ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.5ཟིན་ཡོད།
   རྒྱལ་ཁབ་སྟོབས་འབྱོར་ལྡན་ན་མི་སེར་ཕྱུག་པོ་ཆགས་པ་དང་། རྒྱལ་ཁབ་བདེ་འཇགས་ལྡན་ན་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ལྡན།
   སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོར་སྐྱོད་སྐབས་ཨར་འདམ་ལམ་འཕྲེད་གཞུང་གང་སར་བཏིང་བ་དང་བོད་བཟོའི་སྒོ་ར་གྲལ་སྟར་སྒྲིག་པོ་ཡོད་ཅིང་། “ད་ཆ་སྐྱེལ་འདྲེན་དང་། གླ་པ་རྒྱུག་པ། ཁྱིམ་ཚང་མགྲོན་ཁང་གཉེར་བ། ནགས་ཁྲོད་ཐོན་ཁུངས་འཚོལ་བསྡུ་བྱེད་པ། བཟའ་བཏུང་འཕེལ་རྒྱས་གཏོང་བ་སོགས་ལ་བརྟེན་ནས་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་2017ལོའི་སྒོར་ཁྲི་1ནས་2020ལོའི་སྒོར་ཁྲི་3.4བར་མང་དུ་ཕྱིན་པ”དང་། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་འཚོ་བའི་ཆ་རྐྱེན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོས་དེ་གར་ནམ་ཡང་བརྟན་སྲུང་བྱས་ན་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་འགྲོ་ངེས་རེད”ཅེས་གྲོང་ཚོའི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་བརྗོད།
   མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་གྲོང་གསེབ་དེར་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུཌ་འཕེལ་བཞིན་མཆིས།