འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་16ཉིན།

༄༅།།ཀྲུང་ཨ་བར་གྱི་གྱོད་གཞི་འདི་ཀྲུང་གོའི་ཁེ་ལས་རྒྱལ་བ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་16ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་ཨ་བར་གྱི་གྱོད་གཞི་འདི་ཀྲུང་གོའི་ཁེ་ལས་རྒྱལ་བ་རེད།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན། ཧྭ་བྱང་སྨན་བཟོ་ཚོགས་པས“ཨ་རིས་ཀྲུང་གོར་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་གྱོད་གཞི་དང་པོའི་ཁྲིམས་གཅོད་གསར་ཤོས” ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲེལ་ཡོད་འགན་འཁུར་བས་དུས་ཡུན་ལོ་17ཙམ་རིང་ཨ་རིས་ཀྲུང་གོར་བཏོན་པའི་འཚོ་བཅུདCསྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་གཏུག་བཤེར་གྱོད་གཞིའི་ནང་ཧྭ་བྱང་སྨན་བཟོའི་ཚོགས་པས་བསྐྱར་དུ་འདྲི་གཅོད་ལས་རྒྱལ་བའི་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐོར་སྐྱོད་གོང་གཏུག་ཁྲིམས་ཁང་གཉིས་པས་སླར་ཡང་རྒྱལ་སྤྱིའི་གུས་ལུགས་རྩ་དོན་ལས་འགལ་བར་ཁ་གཡར་ནས་ཉིའུ་ཡུའོ་ཤར་ཁུལ་ཁྲིམས་ཁང་གིས་2013ལོར་ཧོ་པེ་ཝེར་ཁང་སྨན་བཟོ་ཚད་ཡོད་ཀུང་སི་དང་དེའི་ཀུང་སི་གཙོ་བོ་ཧྭ་བྱང་སྨན་བཟོ་ཚོགས་པའི་འགན་འཁྲི་ཚད་ཡོད་ཀུང་སིར་ཐད་ཀར་ཉོ་མཁན་ཞུ་སྦྱོར་སྔ་མར་གྱོང་གུན་ལྡབ་གསུམ་དང་སྐྱིན་ཚབ་ཨ་སྒོར་དུང་ཕྱུར་1.53སྤྲོད་དགོས་པའི་བཀའ་བཏང་བའི་འདྲི་གཅོད་དང་པོའི་ཁྲིམས་གཅོད་ཕྱིར་འཐེན་བྱས་པ་དང་། གྱོད་གཞི་ཕྱིར་སློག་བྱས་པ་དང་འབྲེལ་ས་ཁུལ་ཁྲིམས་ཁང་ལ་ཞུ་སྦྱོར་སྔ་མའི་ཞུ་གཏུག་ཕྱིར་སློག་དགོས་པའི་བཀའ་བཏང་བ་མ་ཟད་སླར་ཡང་ཞུ་གཏུག་རྒྱག་མི་ཆོག་རྒྱུ་བྱས། 
     ངོ་སྤྲོད་བྱས་པར་གཞིགས་ན། གྱོད་གཞི་དེ་2005ལོའི་ཟླ་དང་པོ་ནས་འགོ་བཙུགས་པ་དང་ཨ་རིའི་ཚོང་མགྲོན་ཁག་གཅིག་གིས་རིན་གོང་མཉམ་ཇུས་མཉམ་འགོད་དང་སྒེར་སྡེམ་ཆགས་པར་ཁ་གཡར་ནས་ཧོ་པེ་ཝེར་ཁང་སྨན་བཟོ་ཚད་ཡོད་ཀུང་སི་ཚུད་པའི་ཀྲུང་གོའི་འཚོ་བཅུདCཐོན་སྐྱེད་ཁེ་ལས་གཙོ་བོ་4ལ་སྐྱོན་འདོན་ཞུ་གཏུག་བྱས་པ་དང་འབྲེལ་ཨ་རིའི་ཁྲིམས་ཁང་ལ་མི་དམངས་ཤོག་སྒོར་དུང་ཕྱུར་15.7སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་པའི་ཞུ་གཏུག་བརྒྱབ་པ་རེད།
     རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཧོ་པེ་ཝེར་ཁང་སྨན་བཟོ་ཚད་ཡོད་ཀུང་སི་དང་དེའི་ཀུང་སི་གཙོ་བོ་ཧྭ་བྱང་སྨན་བཟོ་ཚོགས་པ་ཕུད་པའི་ཞུ་སྦྱོར་ཕྱི་མ་གཞན་གསུམ་འདུམ་འགྲིག་བྱ་རྒྱུར་མོས་མཐུན་བྱུང་བ་དང་ཧོ་པེ་ཝེར་ཁང་སྨན་བཟོ་ཚད་ཡོད་ཀུང་སིའི་འདྲི་གཅོད་དང་པོ་ཕམ་པ་རེད། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་ཧོ་པེ་ཝེར་ཁང་སྨན་བཟོ་ཚད་ཡོད་ཀུང་སིས་གོང་གཏུག་བྱས་པ་དང་འབྲེལ་2016ལོའི་ཟླ་9པར་འདྲི་གཅོད་གཉིས་པར་རྒྱལ་ཁ་ཐོབ་པ་རེད།
     དེའི་རྗེས་སུ་ཞུ་སྦྱོར་སྔ་མས་དཔྱད་མཚམས་བློར་མ་བབས་པར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་བསྐྱར་ཞིབ་བྱ་རྒྱུའི་རེ་བ་ཞུས། 2018ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་གྱོད་གཞི་དེ་དེ་སྔའི་འདྲི་གཅོད་གཉིས་པའི་ཁྲིམས་ཁང་ལ་ཕྱིར་སྤྲད་ནས་བསྐྱར་དུ་ཞིབ་གཅོད་བྱ་རྒྱུའི་ཁྲུན་ཐག་བཅད་པ་རེད། ས་གནས་དེ་གའི་དུས་ཚོད་2021ལོའི་ཟླ་3ཚེས་17ཉིན་བར་འདྲི་གཅོད་གཉིས་པའི་ཁྲིམས་ཁང་གིས་ཁྲིམས་ར་བསྐྱར་དུ་སྒྲིག་འཛུགས་བྱས་ནས་གྱོད་གཞི་དེར་ཞིབ་གཅོད་བྱས་པ་དང་འབྲེལ་ཟླ་8ཚེས་10ཉིན་འདྲི་གཅོད་བསྐྱར་མའི་དཔྱད་མཚམས་ཐོན་པ་དང་ཧྭ་བྱང་སྨན་བཟོའི་ཚོགས་པ་གཏུག་བཤེར་ལས་རྒྱལ་བ་རེད། ལོ་17ཙམ་ལ་བསྟུད་མར་འདྲི་གཅོད་དང་པོ་དང་། འདྲི་གཅོད་གཉིས་པ། བསྐྱར་གྲོས་དང་བསྐྱར་ཞིབ་བཅས་བྱས་པའི་འཚོ་བཅུད་Cསྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་གྱོད་གཞི་དེར་མཇུག་མཐར་རྒྱལ་ཁ་ཐོབ་པ་རེད།
     ཧྭ་བྱང་སྨན་བཟོའི་སྤྱི་ཁྱབ་བཅའ་ཁྲིམས་བློ་འདྲི་བ་ཀྲང་ཐིང་ཏེ་ཡིས་བཤད་རྒྱུར། གྱོད་གཞི་དེ་ནི་ཨ་རིས་ཀྲུང་གོར་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་གྱོད་གཞི་དང་པོ་དེ་ཡིན་པས་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད། ཨ་རི་ནི་ཁྲིམས་བཅད་དཔེ་གཞིའི་བཅའ་ཁྲིམས་བསྟར་བའི་རྒྱལ་ཁབ་ཡིན་པས། སྔོན་དཔེ་བརྩི་སྲུང་བྱེད་པའི་སྲོལ་རྒྱུན་ཡོད། ཁྲིམས་གཅོད་འདི་ཀྲུང་གོའི་ཁེ་ལས་ཕྱི་ལ་འགྲོ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། གྱོད་དོན་འདི་གཏུག་བཤེར་ལས་རྒྱལ་བ་དེས་ཁེ་ལས་ལ་གྱོང་གུན་ཆེན་པོ་སེལ་བ་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་རྒྱལ་སྤྱིའི་གཏུག་བཤེར་ལ་ཁ་གཏད་འཇལ་བར་ཕན་ཡོད་ཀྱི་ཉམས་མྱོང་འདོན་སྤྲོད་བྱས་པ་དང་། རྒྱལ་ནང་གི་ཁེ་ལས་ཕྱི་རུ་བསྐྱོད་དེ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་རྒྱལ་སྤྱིའི་ཚོང་ར་གསར་གཏོད་བྱེད་པར་ཡིད་ཆེས་ཇེ་ཆེར་བཏང་ཡོད།