འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་16ཉིན།

༄༅།། འཛམ་གླིང་སྟེང་ཆེས་རིང་བའི་ཐང་གར་མཇལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་16ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།། འཛམ་གླིང་སྟེང་ཆེས་རིང་བའི་ཐང་གར་མཇལ་བ།
    མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་ཟི་ལིང་ནས་ཟླ་8ཚེས་9ཉིན་གློག་འཕྲིན་འབྱོར་གསལ།《ཀྲུང་གོའི་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ》(སྟོད་ཆ)ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་བོད་ཀྱི་རིག་གནས་དངོས་མང་བཤམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། 1999ལོའི་ཟླ12པར་འཛམ་གླིང་གི་ཅི་ཉི་སི་ཟིན་ཐོ་ཆེན་མོར་བཀོད་དེ། འཛམ་གླིང་སྟེང་ཆེས་རིང་བའི་ཐང་གར་གྱུར།
     《ཀུན་འདུས་ཞལ་ཐང་ཆེན་མོའི》སྤྱིའི་རིང་ཚད་ལ་སྨི618དང་ཞེང་ལ་སྨི2.5ཡོད་ལ། ཐང་གའི་ཚོན་རིས་ལ་སྨི་གྲུ་བཞི་མ1500དང་ལྗིད་ཚད་ལ་ཏུན1.5ཡོད། ཞལ་ཐང་ཆེན་མོ་ནི་ཐང་ག700ལྷག་གིས་གྲུབ་པ་དང་། མི་སྣ་ཁྲི18.3ཚུད་ལ། གོང་འོག་གི་གོང་བཤམས་རི་མོར་སྣ3000ལྷག་འདུས། ཞལ་ཐང་ཆེན་མོའི་ཚོན་རྩི་ཚང་མ་ནི་གསེར་དང་དངུལ། མུ་ཏིག བྱི་རུ་སོགས་རྩ་ཆེའི་གཏེར་རྫས་དང་། གུར་གུམ་དང་ལྕུམ་རྩ་སོགས་སྐྱེ་དངོས་རིགས་བཀོལ་ཡོད་པས། ཉར་ཚགས་ལེགས་པོ་བྱས་ཚེ་ནམ་ཡང་མདོག་ཡལ་མི་སྲིད།
     ཐང་ག་འདིས་བོད་ཀྱི་ཡུན་རིང་བའི་ལོ་རྒྱུས་དང་ཆོས་ལུགས་རྒྱུད་འཛིན། རིག་གནས་སྒྱུ་རྩལ། གསོ་རིག་སྨན་བཅོས། གནམ་དཔྱད་ས་ཁམས། ལྷ་སྒྲུང་གཏམ་རྒྱུད། འཚོ་བའི་གོམས་གཤིས། མི་རིགས་མཐུན་སྒྲིལ་དང་ས་ཁུལ་དར་རྒྱས་སོགས་ནང་དོན་རྣམས་གཅིག་ཏུ་སྦྲེལ་ཏེ་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱས་ཡོད་པས། “བོད་ཀྱི་རིག་གནས་ཀུན་འདུས”ཞེས་པའི་མཚན་སྙན་ཡོད། ཞལ་ཐང་ཆེན་མོའི་གསར་རྩོམ་པ་གཙོ་བོ་ནི་བརྩོན་འགྲུས་རབ་རྒྱས་ལགས་ཡིན་ལ། ཁོ་ནི་མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་བུས་མདོ་ཤང་ཉ་གཤོང་སྡེ་བའི་སྲོལ་རྒྱུན་གྱི་བཟོ་རྩལ་སྒྱུ་རྩལ་པ་ཞིག་ཡིན། བརྩོན་འགྲུས་རབ་རྒྱས་ཀྱི་སྣེ་ཁྲིད་འོག མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ལྗོངས་ལྔའི་ཕུལ་བྱུང་ལྷ་རིས་སྒྱུ་རྩལ་པ400ལྷག་གིས་དུས་ཡུན་ལོ་ངོ27རིང་ཇུས་འགོད་དང་གསར་རྩོམ་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན།
      བརྩོན་འགྲུས་རབ་རྒྱས་ལགས་ཀྱིས2005ལོ་ནས་བཟུང《ཀུན་འདུས་ཞལ་ཐང་ཆེན་མོའི》སྨད་ཆ་ཇུས་འགོད་བྱེད་བཞིན་ཡོད་ལ། “རྒྱུད་གཅིག་ལམ་གཅིག”རྒྱབ་ལྗོངས་སུ་བྱས་ཏེ་སྟོད་ཆའི་ནང་དོན་ཁ་གསབ་དང་འཐུས་ཚང་དུ་བཏང་ཡོད། རྒྱུས་ལོན་པ་ལྟར་ན། རིང་ཚད་ལ་སྨི410ཡོད་པའི《ཀུན་འདུས་ཞལ་ཐང་ཆེན་མོའི》སྨད་ཆ་དེ2019ལོར་གྲུབ་ཟིན་པ་དང་། མ་འོངས་བར་ལྟད་མོ་བས་རིང་ཚད་ལ་སྨི་སྟོང་ཕྲག་གཅིག་བརྒལ་བའི་ཀུན་འདུས་ཞལ་ཐང་ཆེན་མོའི་སྟོད་སྨད་གཉིས་ལ་མཇལ་ཐུབ། 
【1】  【2】  【3】
༄༅།། འཛམ་གླིང་སྟེང་ཆེས་རིང་བའི་ཐང་གར་མཇལ་བ།