འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་16ཉིན།

༄༅།། གཞན་ལ་དོན་མེད་སྐྱོན་འཛུགས་བྱེད་པ་ངོ་ཚ་ཡིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་16ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་5000ལྷག་གི་ལོ་རྒྱུས་འཕེལ་རིམ་ནང་ཆགས་པའི་འོད་སྟོང་འབར་བའི་ཤེས་དཔལ་ལྡན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་ལ་ལོ་བརྒྱའི་འབད་འཐབ་ཀྱི་ལག་ལེན་དང་ལོ་ངོ་70ལྷག་གི་སྲིད་སྐྱོང་རྒྱལ་དར་གྱི་ཉམས་མྱོང་ལྡན་པས། ང་ཚོས་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕན་ཡོད་གྲུབ་འབྲས་མཐའ་དག་སློབ་སྦྱོང་དང་དཔྱད་གཞིར་ཧུར་ཐག་འཛིན་པ་དང་། ཕན་ཡོད་ཀྱི་གྲོས་འགོ་དང་སེམས་བཟང་གི་སྐྱོན་བརྗོད་མཐའ་དག་ལ་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་ང་ཚོས་‘དགེ་རྒན་བཙན་པོའི་’སྒྲོབ་ཉམས་བསླབས་འདོམས་དང་ལེན་མི་བྱེད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱིས་གདམ་ག་བྱས་པའི་འགྲོ་ལམ་ཐོག་ཏུ་མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་བསྐྱོད་དེ་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་ཡིན། 
     ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་བཏོན་པའི་“དགེ་རྒན་བཙན་པོ” ཞེས་པ་དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་ནམ། 
     དོན་དངོས་ལྔ་དང་གཏམ་དཔེ་ལྔ། རབ་བཏགས་རི་མོ་ལྔ་བཅས་ཀྱིས་ཁྱོད་ལ་ཁོ་ཚོའི་སྐྱུག་བྲོ་བའི་གདོང་རིས་ངོ་མ་སྟོན་ནུས། 
     གཅིག དཀར་ནག་གོ་ལྡོག 
     ཡོ་རོབ་མནའ་འབྲེལ་དང་དབྱིན་ཇི། ཁ་ན་ཏ་བཅས་སོ་སོས་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཟེར་བར་ཁ་གཡར་ནས་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་མི་སྒེར་དང་དངོས་ཚན་ལ་ཕྱོགས་གཅིག་ཁོ་ནས་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས། ཤིན་ཅང་དུ“བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པ”དང“གྲངས་ཉུང་མི་རིགས་ལ་མཐོང་ཆུང་བྱེད་པ”ཞེས་པ་ནི་རྫུན་གཏམ་ཁོ་ན་ཡིན་པས་དཀར་གཙང་གི་སྲིང་བལ་ནག་པོ་བཟོ་མི་རུང་། 
“ཁོང་ཚོས་ད་ཆའི་ཀྲུང་གོ་ནི་དབྱི་རག་དང་ལི་པི་ཡ་མིན་ལ་སི་རི་ཡ་ཡང་མིན་ལ་ལོ་120ཡི་གོང་གི་ཀྲུང་གོ་དེ་བས་མིན་པ་གསལ་པོ་ཤེས་རྒྱུའི་རེ་བ་ཡོད། ཕྱི་རྒྱལ་གྱི་བཙན་དབང་རྒྱལ་ཁབ་ཀྱིས་མེ་སྒྱོགས་ཆེན་པོ་ཁ་ཤས་བརྒྱབ་ན་ཀྲུང་གོའི་སྒོ་མོ་འབྱེད་ཐུབ་པའི་དུས་རབས་དེ་སླར་ཡང་ཚུར་ལོག་མི་ཐུབ་ཅིང་། མཁས་པ་དང་སྨྱན་སྦྱོར་ཟེར་བ་ཁ་ཤས་ཀྱིས་གཞུང་ཕྱོགས་དང་ངན་འབྲེལ་བྱས་ན་འཛེམ་བག་མེད་པར་ཀྲུང་གོར་དམའ་འབེབས་གཏོང་བ་ལས་ཉེས་ཆད་གང་ཡང་འཁུར་མི་དགོས་པའི་ཉིན་མོ་ཡང་ཡོད་མི་སྲིད། ”(2021ལོའི་ཟླ་3ཚེས་23ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན། ) 
     གཉིས། མིག་བཙུམ་རྣ་བཀག 
     ཡོ་རོབ་མནའ་འབྲེལ་ཕྱི་ཕྱོགས་བྱ་སྤྱོད་ཁང་གིས་དེ་སྔོན་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་གྱི་རེ་འདུན་ཞུ་ཡིག་ལ་ལན་བསློགས་པ་སྟེ། ཡོ་རོབ་ཕྱོགས་ཀྱིས་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ“དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ”བསྟན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་གཉེར་མི་སྣ་སོགས་ཤིན་ཅང་དུ་རང་ཚུགས་ཀྱིས་དཔྱད་དཔོག་འགྲོ་བར་ཆོག་མཆན་སྤྲོད་པའི་སྐུལ་མ་བཏང་ཡོད། ཤིན་ཅང་གི་སྒོ་མོ་ཕྱེ་ཡོད་ཅིང་ཀྲུང་གོའི་ཕྱོགས་ཀྱིས་སྔ་མོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མཐོ་རིམ་ཆེད་མཁས་ལ་ཤིན་ཅང་དུ་འཚམས་འདྲིར་ཕེབས་པ་གདན་འདྲེན་ཞུས་ནས་ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་ཀྱང་ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་དང་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཞུང་ཚབ་ཤིན་ཅང་དུ་འཚམས་འདྲིར་གདན་འདྲེན་ཐེངས་མང་ཞུས་ཤིང་། མངོན་འགྱུར་མ་བྱུང་པའི་རྒྱུ་རྐྱེན་ནི་ཡོ་རོབ་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་བཀོད་སྒྲིག་བྱས་པ་ཡིན་པས་དེ་ནི་བདག་དབང་རྒྱལ་ཁབ་གང་གིས་ཀྱང་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད།
     “ང་ཚོས་ཕྱོགས་རིས་མེད་མཁན་ཚང་མ་ཤིན་ཅང་དུ་བསྐྱོད་དེ་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏིང་གི་སྐད་ཆ་དང་ཁོང་ཚོའི་མིག་སྔའི་འཚོ་བའི་མྱོང་ཚོར་ཉན་རྒྱུར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་ང་ཚོས་མཐོ་ས་ནས་དམའ་སར་གནོན་པའི་ཉེས་ཡོད་རིགས་འདེད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།  ”(2021ལོའི་ཟླ་3ཚེས་23ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན།)  
     གསུམ། བདེན་རྫུན་མཉམ་བསྲེས།  
     ཡོ་རོབ་གྲོས་ཚོགས་ཀྱིས་ཞང་ཀང་གི་གནད་དོན་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་འཛིན་བཟུང་བྱས་པའི་“དམངས་གཙོའི་ཕྱོགས་ཁག་གི་མི་སྣ་”ཕྱིར་གཏོང་དགོས་པའི་བླང་བྱ་བཏོན། བྱ་སྤྱོད་འདི་ནི་“འགྲོ་བ་མིའི་ཐོབ་ཐང་གི་གནད་དོན”གྱིས་“ཁྲིམས་འགལ”གྱི་གོ་དོན་བརྗེས་པ་དང་། ཞང་ཀང་གི་རྙོག་དྲ་བཟོ་མཁན་ལ་སྐྱོན་འགེབས་བྱས་པ་ཡིན། ཞང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པ་ལས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྩ་བ་ནས་མ་ཡིན་པས་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྩ་འཛུགས། མི་སྒེར་བཅས་གང་ཞིག་ལའང་ཐེ་གཏོགས་བྱེད་དབང་མེད། 
     “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དེ་དམངས་གཙོ་དང་རང་དབང་ལ་འབྲེལ་བ་མེད། ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་དང་སྲིད་གཞུང་གིས་ཁྲིམས་ལྟར་འགན་ནུས་སྒྲུབ་པར་གཏོར་བཤིག་ཚབས་ཆེན་གཏོང་རྩིས་བྱེད་པའི་དབར་དབྱེ་མཚམས་གསལ་པོ་ཡོད། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་གང་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་སྲིད་གཞུང་གིས་ཁྲིམས་ལྟར་འགན་ནུས་སྒྲུབ་པར་གཏོར་བཤིག་ཚབས་ཆེན་གཏོང་བའི་བྱ་སྤྱོད་སྤེལ་མི་ཆོག” (2021ལོའི་ཟླ་1ཚེས་8ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན།)
     བཞི། ཇེ་འགེབ་ཇེ་གསལ། 
     ཡང་བསྐྱར་ཛ་དྲག་ཏུ་འགྲོ་བཞིན་པའི་རིམས་ནད་ཀྱི་གནས་བབ་མདུན་དུ། ཨ་རིའི་སྲིད་འཛིན་པ་ཁ་ཤས་ཀྱི་བསམ་བློ་རང་རྒྱལ་གྱི་རིམས་ནད་འགོག་པའི་སྟེང་དུ་མ་བཞག་པར། མུ་མཐུད་དུ་རིམས་ནད་ཀྱི་མིང་བཙོག་ཅན་དང་། ནད་དུག་རྟགས་འགོད་ཅན། ཁུངས་འདེད་ཆབ་སྲིད་ཅན་དུ་འགྱུར་བའི་གཡོ་ཐབས་རྙིང་བ་སྤྱད་པ་རེད། ཨ་རིའི་ཕྱོགས་ཀྱི་དམིགས་ཡུལ་ནི་རང་ངོས་ཀྱི་རིམས་ནད་འགོག་ཤུགས་མི་འདང་བའི་འགན་འཁྲི་སྤོ་སྒྱུར་བྱས་ནས་ཀྲུང་གོར་ནག་ཉེས་དང་དམའ་འབེབས་བྱེད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་པར་བྱ་རྒྱུ་དེ་ཡིན་པ་ཧ་ཅང་གསལ་པོ་རེད། 
     “ཏོག་གསར་གློ་ཚད་ནད་དུག་གི་འབྱུང་ཁུངས་ཁུངས་འདེད་བྱེད་དགོས་ཀྱི་ཡོད། རིམས་ནད་ལ་བརྟེན་ནས་རང་འགན་གཞན་དཀྲི་དང་། མཐོང་ཆུང་དང་འཇིགས་སྐུལ་ཆེན་པོ་བྱེད་པའི་ཆབ་སྲིད་ཀྱི་ནད་དུག་ལ་དེ་བས་ཁུངས་འདེད་དང་བཅོས་སྐྱོང་མཐར་ཕྱིན་པ་བྱ་དགོས། ”(2021ལོའི་ཟླ་7ཚེས་29ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན།) 
     ལྔ། རང་དགར་སྐྱོན་འཛུགས་བྱེད་པ། 
     ཤིན་ཅང་དང་འབྲེལ་བའི་གནད་དོན་དང་ཞང་ཀང་དང་འབྲེལ་བའི་གནད་དོན། རིམས་ནད་ཁུངས་འདེད་ཀྱི་གནད་དོན་བཅས་ཕུད། “དགེ་རྒན་བཙན་པོ”ཡིས་རྒྱལ་ཁབ་གཞན་དག་ལ་གང་བྱུང་སྐྱོན་འཛུགས་བྱེད་པའི་ཁྱབ་ཁོངས་ད་དུང་མང་པོ་ཞིག་ཡོད་པ་དང་། དཔེར་ན་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་ན་ནིང་ཐ་ཚིག་བསྒྲགས་དོན། པར་ཙིར་གྱིས་5Gདྲ་རྒྱ་འཛུགས་སྐྲུན་ཁྲོད་ཧྭ་ཝེ་སྒྲིག་ཆས་བདམས་ན་དེའི་མཇུག་འབྲས་འགན་འཁུར་དགོས་ཟེར། 
     ཨ་རི་ཕྱོགས་ཀྱིས་ཁ་ནས་དྲང་གཞག་དང་འདྲ་མཉམ་ལག་བསྟར་བྱ་དགོས་ཞེས་བཤད་ན་ཡང་། དོན་དངོས་སུ་རྒྱལ་ཁབ་གཞན་དག་གི་ཁེ་ལས་སྔོན་ཐོན་དུ་གྱུར་ཚེ་ཨ་རིའི་ཕྱོགས་ཀྱི་སྲིད་ཚོང་པས་ཁ་གཡར་ས་རྫུན་བཟོ་བྱས་ཏེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ཐབས་ངན་གང་ཡོད་སྤྱད་ནས་བཙན་གནོན་བྱེད་ཀྱི་ཡོད་པ་གསལ་པོར་མཚོན་ཡོད། “ཨ་རི་ཕྱོགས་ཀྱི་ལག་པ་རིང་པོ་མ་བསྲིངས། གཞན་གྱིས་གཅོད་པར་གཟོབས། ” (2020ལོའི་ཟླ་5ཚེས་29ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན།)