འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་16ཉིན།

༄༅།།རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་བོད་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་སྣ་ཚོགས་སྲུང་
སྐྱོབ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་16ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། སྤྱི་ལོ་1751ལོར་བཞེངས་པའི་ནོར་བུ་གླིང་ག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་ཁའི་བཞུགས་གནས་ཡིན་ལ་བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་། བཟོ་བཀོད་མཛེས་ཤོས། གནའ་ཤུལ་མང་ཤོས་བཅས་ཀྱི་ཕོ་བྲང་གི་བཟོ་སྐྲུན་ཞིག་ཀྱང་རེད། 2001ལོའི་ཟླ་བཅུ་གཉིས་པར། ནོར་བུ་གླིང་ག་འདི་ཉིད་འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་རྒྱ་སྐྱེད་རྣམ་གྲངས་ཡིན་པའི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་རེད།
    ཐེངས་འདིའི་ཉམས་གསོའི་ལས་གྲྭ་ནི་2020ལོའི་ལོ་མཇུག་ནས་འགོ་བརྩམས་ཤིང་། གཙོ་བོར་ནོར་བུ་གླིང་གའི་ནང་གི་གནའ་བོའི་བཟོ་སྐྲུན་9ཡི་སྨི་ངོས་གྲུ་855ལས་བརྒལ་བའི་གསེར་གྱི་རྒྱ་ཕིབས་དང་སྨི་ངོས་གྲུ་ཁྲི་1ལས་བརྒལ་བའི་ཐོག་ཁའི་ཨར་ཀ་དང་དེ་བཞིན་འབྲེལ་ཡོད་ཞོར་གཏོགས་རིག་དངོས་སྒྲིག་བཀོད་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུ་ཚུད་ཡོད་པར། རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་3868བཏང་ཡོད་པ་རེད།
    ནོར་བུ་གླིང་ག་ནི་བོད་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཤུལ་བཞག་སྣ་ཚོགས་སྲུང་སྐྱོབ་བྱེད་པའི་བསྡུས་རིས་ཤིག་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ། རྒྱལ་ཁབ་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་ནས་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་བས། བོད་ཀྱི་རིག་དངོས་གནའ་ཤུལ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འབོར་ཆེན་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་ཐུབ་ཡོད་པ་རེད།
    གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔའི་བར། རང་སྐྱོང་ལྗོངས་ཀྱི་རིག་དངོས་ས་ཚིགས་4277ཟིན་པའི་ནང་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་2282ཡོད་པ་དང་། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག གཙུག་ལག་ཁང་སོགས་རིག་དངོས་གནའ་ཤུལ་མང་པོ་སྲུང་སྐྱོབ་ཉམས་གསོ་བྱས་པ་དང་། 1989ལོ་ནས་1995ལོའི་བར་ཁོ་ནར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་ཕོ་བྲང་པོ་ཏ་ལའི་ཉམས་གསོ་དང་པོ་ཏ་ལའི་ཐང་ཆེན་རྒྱས་སྐྲུན་བྱས་པ་རེད། 2018ལོའི་ལོ་མཇུག་ཏུ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་3བཏང་བའི་ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེ)སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ་དང་། 2006ལོ་ནས་2020ལོའི་བར་མ་དངུལ་སྒོར་དུང་ཕྱུར་34ལྷག་ཙམ་བཀོད་སྒྲིག་བྱས་ནས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་རྒྱས་སྐྲུན་ལས་གྲྭ་སོགས་རིག་དངོས་སྲུང་སྐྱོབ་ཚན་པའི་ཉམས་གསོའི་ལས་གྲྭ་155སྤེལ་ཡོད་པ་རེད།
   དེ་དང་ཆབས་ཅིག རྒྱལ་ཁབ་ཀྱིས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་སྟེ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་པ་7000ལྷག་ཙམ་གསོ་སྐྱོང་བྱས་པ་དང་། 2020ལོའི་བར་བོད་ཀྱི་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་སྐོར་གྱི་གནའ་དཔེ་145དག་སྒྲིག་བྱས་ནས་པར་འགྲེམས་བྱས་ཡོད་པ་རེད།
    གྲངས་གཞི་ལས་མངོན་པར་གཞིགས་ན། 2006ལོ་ཚུན་དུ། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ལྡན་པའི་རྣམ་གྲངས་སྲུང་སྐྱོབ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཐད་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ཡོད་པ་རེད།