འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་15ཉིན།

༄༅།།བོད་དུ་ཚད་གཞི་མཐོ་བའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་604བསྐྲུན་པ།

ཡུལ་བབ་དང་བསྟུན་ནས་ལས་རིགས་དར་སྤེལ་བཏང་བས་དམངས་ཕྱུག་མཐའ་དར་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་15ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཡན་ཁོ་དང་། ཤན་ཀན།
    ས་བབ་མཐོ་ཚད་སྨི་4500ཙམ་ཟིན་པའི་སྤོས་ལ་སྒྲོལ་ནས་ཀྱག་ཀྱོག་གི་ལམ་བརྒྱུད་མཐར་ལ་གཤམ་དུ་སླེབས་ཀྱི་ཡོད། ས་བབ་དམའ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། ནགས་ཚལ་སྟུག་ཏུ་ཕྱིན་ནས་མཁའ་རླུང་ཡང་དྲོད་གཤེར་དང་ལྡན་པ་ཞིག་འདུག ལུང་གཞུང་དུ་སླེབས་སྐབས་ཡུལ་མིའི་སྡོད་ཁང་གྲལ་སྟར་འགྲིག་པ་དང་ཕྱོགས་བཞི་མཚམས་བརྒྱད་སྔོ་ཐིང་ཐིང་དུ་གནས་པས་ཐུན་མོང་མ་ཡིན་པའི་ཉམས་སྣང་ཞིག་འདུག
    འདི་ག་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང(གཤམ་དུ་མག་མག་ཤང་ཞེས་བསྡུ་རྒྱུ)ཡིན་ཞིང་། ཧི་མ་ལ་ཡའི་ལྷོ་འདབས་དང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད། ཤང་དེའི་མངའ་ཁོངས་སུ་གྲོང་ཚོ་གཅིག་དང་མང་ཚོགས་མི་གྲངས་305ལས་མེད། འོན་ཀྱང་ཉེ་བའི་ལོ་ཤས་རིང་མི་རྣམས་དགའ་འོས་པའི་འཕེལ་རྒྱས་བྱུང་ཞིང་། “མག་མག་བ་གསར་པ”ཁག་དང་ཁག་བྱས་ནས་སྔ་རྗེས་སུ་འདི་གར་གཞིས་ཆགས་པ་དང་། འཚོ་བའི་སྒྲིག་བཀོད་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་བ་དང་སྤུས་ཚད་མཐོ་རུ་ཕྱིན་ཡོད། དུས་ཆེན་སླེབས་རིམ་བཞིན་ཞིང་པའི་སྤྲོ་སྐྱིད་ཁང་ཧ་ཅང་ཐོབ་ཁག་པོ་ཡོད། “མི་འབོར་མང་དུ་སོང་བ་དང་གཞི་ཁྱོན་ཆེ་རུ་ཕྱིན་པ་མ་ཟད། གྲོང་ཚོའི་བཀོད་པའང་སྔར་བས་ལེགས་སུ་ཕྱིན་ནས་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲུའུ་ཧྲོའུ་ལུང་གིས་བཤད།
    བོད་ཀྱི་མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ་4000ལྷག་ཙམ་ཟིན་པ་དང་ས་ཆ་མང་ཆེ་བའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་པོ་ཡོད། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་མཐའ་མཚམས་ས་ཁུལ་དུ་མ་དངུལ་ལོ་རེ་བཞིན་མང་དུ་བཏང་ཡོད། ལྷག་པར་དུ་2012ལོ་ནས་བཟུང་། མཐའ་མཚམས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱིས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་གང་ལེགས་དེ་བས་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ཆུ་དང་། གློག ལམ། སྡོད་ཁང་སོགས་མི་དམངས་ཀྱི་འཚོ་བར་མཁོ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། 2020ལོའི་ལོ་མཇུག་བར། མཐའ་མཚམས་ཀྱི་སྲིད་འཛིན་གྲོང་ཚོ་དང་པོ་དང་གཉིས་པར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང(གྲོང་རྡལ)ཚང་མར་ཁྲིད་པ། གྲོང་ཚོ་ཚང་མར་སྦྲག་སྲིད་ཤར་གཏོང་ཐུབ་པ། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ། གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་ཡོད། (པར་ངོས་གཉིས་པར་གཟིགས)
   ད་ཆ་བོད་དུ་ཚད་གཞི་མཐོ་བའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་604བསྐྲུན་པ་དེ་དག་མེས་རྒྱལ་གྱི་མཐའ་མཚམས་སུ་མུ་ཏིག་ལྟར་བཀྲག་མདངས་འཚེར་བཞིན་ཡོད།
   དགའ་མོས་བྱེད་མཁན་མང་དུ་སོང་བ།
    མག་མག་ཤང་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་དུ་སྐྱོད་སྐབས། ཐེམ་ཐོ་ཐོ་འགོད་བྱེད་བཞིན་པའི་ཟླ་བ་ཚེ་རིང་དང་ཕྲད་བྱུང་། དེའི་གོང་ཟླ་བ་ཚེ་རིང་གི་ནང་མི་བཞི་པོ་དེ་གར་སྤོས་ནས་འཚོ་བ་གསར་པ་ཞིག་སྐྱེལ་འགོ་ཚུགས།
    ཟླ་བ་ཚེ་རིང་དེ་སྔོན་མཚོ་སྣ་རྫོང་ཆུ་དྲོ་མོ་ཤང་དུ་འཚོ་བ་སྐྱེལ་གྱི་ཡོད། རི་བོ་མཐོ་ཞིང་ལམ་ཐག་རིང་བའི་ཁར། ས་ཞིང་མུའུ་3ཁོ་ནས་ནང་མི་ཚང་མའི་བཟའ་འབྲུ་འདང་ཙམ་ལས་མེད་པས། ཕྱིར་གླ་པར་སྐྱོད་སྐབས་ལ་ཀླུང་མང་པོ་རྒྱག་དགོས་ཀྱི་ཡོད། མག་མག་ཤང་དུ་སྤོས་རྗེས་སྡོད་ཁང་གསར་པར་སྡོད་པ་དང་སྒྲིག་བཀོད་ཆ་ཚང་ཞིང་། ཆུ་དང་གློག་ལ་སེམས་ཁྲལ་གཏན་ནས་བྱེད་དགོས་ཀྱི་མེད།
   མག་མག་ཤང་གི་ས་བབ་མཐོ་ཚད་སྨི་2800ཙམ་ཟིན་པ་དང་། རི་ཀླུང་མཛེས་ཤིང་ལྟ་ན་སྡུག་ལ་ཡུལ་སྐོར་ཐོན་ཁུངས་ཐུན་མོང་མ་ཡིན་པ་ཞིག་ཡོད། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཟླ་བ་ཚེ་རིང་གིས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བས་ཡོང་འབབ་བརྟན་པོ་ཡོད།
   “ཁོར་ཡུག་ལེགས་པ་དང་། ས་བབ་དམའ་བ། འཚོ་བ་སྐྱིད་སྣང་དོད་པས་ཡུལ་སྐོར་བས་ཡོང་འདོད་མི་བྱེད་ག་ལ་སྲིད”ཅེས་འཚོ་བ་གསར་པའི་སྐོར་གླེང་སྐབས། ཟླ་བ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།
   “ཉེ་བའི་ལོ་གཉིས་ཁོ་ནར་དུད་ཚང་40ཡི‘མག་མག་བ་གསར་པ’140འདི་གར་གཞིས་ཆགས་པས་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཐུབ་བསྟན་བསྟན་འཛིན་གྱིས་མཐའ་མཚམས་གྲོང་གསེབ་འདིའི་འགྱུར་ལྡོག་གསར་པར་དཔང་པོ་བྱེད་བཞིན་ཡོད།
   འགྱུར་ལྡོག་འདི་འདྲ་བྱུང་བ་མག་མག་ཤང་གཅིག་པུ་མ་ཡིན།
   མཚོ་སྣ་རྫོང་ལམ་ཕུག་ཤང་གཞོགས་གྲོང་ཚོ་ནི་གནས་སྤོས་གྲོང་གསར་ཞིག་རེད། ལོ་གསུམ་གོང་འབྲོག་དུད་41སྔོན་ནས་སྤོས་ཡོད།
    གྲོང་མི་ཚེ་བརྟན་སྒྲོལ་དཀར་གྱི་ཕ་ཡུལ་མཚོ་སྣ་རྫོང་ཡང་སྟོད་གྲོང་ཚོ་ཡིན་ཞིང་། གཞོགས་གྲོང་ཚོར་སྤོས་རྗེས་ས་བབ་དེ་བས་སྨི་200ལྷག་ཙམ་མཐོ་རུ་ཕྱིན་ཡོད།
    ས་བབ་མཐོ་སར་སྤོ་དོན་གང་ཡིན་ནམ་ཞེ་ན། “སྡོད་ཁང་གསར་པར་སྡོད་པ་མ་ཟད། ཕྱུགས་འཚོ་དུས་དེ་བས་སྟབས་བདེ་རུ་ཕྱིན་པས་རེད”ཅེས་ཚེ་བརྟན་སྒྲོལ་དཀར་གྱིས་བཤད། ད་དུང་ཁོང་གིས་སྔོན་ཆད་དགུན་དུས་སུ་བར་ཐག་སྤྱི་ལེ་20ལྷག་ཙམ་གྱི་སར་ཕྱུགས་འཚོ་བར་འགྲོ་དགོས། ད་ཆ་རྩྭ་ར་སྒོ་ཁར་ཡོད་པས་ཧ་ཅང་ལས་སླ་པོ་འདུག་ཅེས་བཤད།
    མིག་སྔར་གཞོགས་གྲོང་ཚོ་འཕེལ་རྒྱས་འགྲོ་བཞིན་ཡོད། ཨར་པོ་རྒྱག་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་བཞིན་བོད་བཟོའི་སྡོད་ཁང་གསར་པ་སྐྲུན་བཞིན་ཡོད།
    གྲོང་ཚོ་ཧྲིལ་པོ་གནས་སྤོ་དང་བར་བཅུག་རྣམ་པའི་གནས་སྤོ་སོགས་བྱས་ཡོད། བོད་ཀྱིས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ་ཞིང་འབྲོག་པའི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་སྦྲགས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་སོགས་དང་ཟུང་འབྲེལ་བྱས་ནས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
    གནས་འཕྲོད་ལས་འཕྲོད་སེམས་པ་དེ་བས་བདེ།
    གསར་དུ་སྤོས་པའི་ཁྱིམ་ཚང་གཞིས་ཆགས་ཐུབ་བམ།
    རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་སྒོང་ཀོག་གྲོང་ཚོ་ནི་བསྐྲུན་ཟིན་ཉེར་ཡོད་པའི་གྲོང་ཚོ་གསར་པ་ཞིག་ཡིན་ཞིང་། འདི་གར་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། རིག་གནས་ཁང་བཅས་གང་དགོས་ཆ་ཚང་ཡོད་པ་མ་ཟད། ལྷས་ར་ཡང་སྔོན་ལ་འཆར་འགོད་བྱས་ཡོད། རྫ་ཡུལ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥན་ཡན་ཁུན་གྱིས“ཞབས་འདེགས་ཞིབ་ཚགས་སུ་བཏང་ཚེ་གཞི་ནས་ཚང་མ་བློ་བདེའི་ངང་གཞི་ཆགས་ཐུབ”ཅེས་བཤད།
   སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་སྨན་བཅོས་ས་ཚིགས་སུ་དྲ་སྦྲེལ་ཤར་གཏོང་ཐུབ་པས། གྲོང་མི་ཚོས་སྒོ་རྩ་ནས་རྒྱང་ཁྲིད་ཚད་བརྒལ་སྒྲ་རླབས་དང་། རྒྱང་ཁྲིད་སྙིང་པར། རྒྱང་ཁྲིད་ནད་དཔྱད་སོགས་ཀྱི་སྨན་བཅོས་ཞབས་འདེགས་མང་པོ་ཞིག་ལོངས་སུ་སྤྱད་ཆོག་གི་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས“ཕྱིས་འབྱུང་གི་སེམས་ཁྲལ་ཆུང་དུ་ཕྱིན་སོང་ལ་འདི་གར་གཞིས་ཆགས་ནས་གནས་འཕྲོད་ལས་འཕྲོད་ལ་ཧ་ཅང་འཚམ་པོ་འདུག”ཅེས་བཤད།
   ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་མཉམ་དུ་འཆར་འགོད་དང་མཉམ་དུ་ལག་བསྟར་བྱས་ཏེ“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། བདེ་སྲུང”བཅས་རིམ་སྤོར་ལས་གྲྭ་ཁག་བཅུ་མངོན་གསལ་དོད་པོར་བཞག་ནས་སྒྲིག་བཀོད་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་དང་ཞབས་ཞུར་བརྟེན་ནས་མཐའ་མཚམས་དར་རྒྱས་ལ་ཤུགས་སྣོན་བརྒྱབ་ཡོད།
   མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང(གཤམ་དུ་སླད་ཤང་ཞེས་བསྡུ་རྒྱུ)གི་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས། ལས་འཛིན་འགོ་གཙོ་གཞོན་པ་སྤེན་པ་ཚེ་རིང་གིས་ཇ་སྐེམ་སའི་སི་ར་སླ་བཞིན་དུ“འདི་ལོ་ཇ་ལོ་གསར་པ་བྲིན་ཁ་རྒྱུག་པས་ང་ཚོས་འཕྲུལ་འཁོར་གསར་སྣོན་བྱས་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་རྩིས་ཡོད”ཅེས་བཤད།
   སླད་ཤང་གི་ཇ་ལོ་འདེབས་འཛུགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལོ་མང་གོང་ཕྱི་ནས་ནང་འདྲེན་བྱས་པའི་ཇ་སོན་དང་ལག་རྩལ་དེ་གར་རྩ་བ་ཚུགས་ཏེ། ཤང་དུ་ཇ་ལོ་མཉམ་ལས་ཁང་བཙུགས་ཡོད། ཇ་འདེབས་ཡུལ་གྱི་ས་བབ་མཐོ་ཚད་སྨི་2400ཟིན་པས་ས་བབ་མཐོ་སར་བཏབ་པའི་ཇ་ལོ་ཉེ་བའི་ལོ་ཤས་རིང་དེ་བས་བྲིན་ཁ་རྒྱུག་པོ་ཡོད། ན་ནིང་ཇ་ལོ་ཁོ་ན་བཙོངས་པར་སླད་ཤང་གི་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.1བྱུང་ཡོད།
   སླད་ཤང་དུ་ད་དུང་རི་ཆུ་འཛོམ་པོ་ཡོད། རི་བོ་ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པས་བྲག་རི་གཡང་གཟར་མང་བ་དང་། རི་ཁྲོད་ཀྱི་སྔོ་ཁེབས་སྟུག་པ། བྲག་གསེབ་ཀྱི་རྦབ་ཆུ་དྲག་ཏུ་རྒྱུག་བཞིན་ཡོད། སླད་ཤང་སླད་གྲོང་ཚོའི་གྲོང་མི་གུ་རུས་སྔོན་ཆད་ཇ་ལོ་བཏབ་པ་དང་ད་ཆ་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་བྱས་ཏེ“ཡུལ་སྐོར་ཡོང་འབབ”གསོག་བཞིན་ཡོད།
   གྲོང་ཚོ་རེར་འཆར་འགོད་རེ་དང་། གྲོང་ཚོ་རེར་ཇུས་གཞི་རེ། གྲོང་ཚོ་རེར་ཁྱད་ཆོས་རེ་བཅས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་206ལག་བསྟར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཡོད། རྩྭ་མདའ་རྫོང་བསྟི་ཡག་ཤང་གི་ཀུ་ཤུ་དང་། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་སྤྲེལ་ཁམ། གྲོ་མོ་རྫོང་གྲོ་མོ་སྨད་ཤང་གི་ཉ་བཅས་ད་ཆ་ཐོན་རྫས་དེ་བས་མང་བ་རི་གྲོང་ནས་ཐོན་བཞིན་ཡོད་པས། དེ་གའི་གྲོང་མི་མང་ཚོགས་ཕྱུག་འགྱུར་ལམ་དུ་སྐྱོད་བཞིན་ཡོད།
   གངས་ལྗོངས་ཀྱི་མཐའ་མཚམས་སུ་ཏང་དར་ལྷབ་ལྷུབ་གཡོ།
   ཀུན་བཟང་བསྟན་འཛིན་སླར་ཡང་འཕྲད་སྐབས། ཁོང་ནི་ལྷུན་རྩེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡིན་ཞིང་། མཐའ་སྲུང་མཐའ་བརྟན་གྱི་སྐོར་གླེང་སྐབས། བགྲེས་སོང་ཁོང་ལ་སྔར་བཞིན་སྐད་ཆ་མང་པོ་ཤོད་རྒྱུ་ཡོད།
    ཁོང་དེ་སྔ་གངས་ལྗོངས་ཀྱི་མཐའ་མཚམས་སྲུང་མཁན་ཞིག་ཡིན་པ་དང་དུས་ཡུན་རིང་པོ་ལྷོ་བྲག་རྫོང་ལ་རྒྱབ་ཤང་དུ་གཞི་ཆགས་ཡོད། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པ་དང་ལོ་ཕྱེད་ལྷག་ཙམ་རིང་ཁ་བས་རི་རྒྱ་སྡོམ་གྱི་ཡོད། ཀུན་བཟང་བསྟན་འཛིན་གྱིས་ནང་མི་ཁྲིད་དེ་མཐའ་མཚམས་སུ་ཕྱུགས་འཚོ་བར་བསྐྱོད་པ་དང་། དགུན་དུས་གྲང་ངར་ལ་མ་འཛེམས་པར་དེར་མཐའ་མཚམས་བསྲུངས་ནས་ལོ་32ཏག་ཏག་བསྡད། སྐབས་དེ་དུས་ཀྱི་མཐའ་མཚམས་བསྲུང་ཡུལ་དུ་ད་ཆ་མཐའ་མཚམས་གྲོང་ཚོ་གསར་པ་བསྐྲུན་པ་དང་དམར་མདངས་བཀྲ་བའི་ཏང་དར་ཡུལ་མིའི་སྡོད་ཁང་གི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
    “མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས་པས། དཀའ་ཚེགས་ཇི་ལྟར་འཕྲད་ཀྱང་ཏང་ཡོན་གྱིས་གདོང་མཆོང་བྱེད་དགོས”ཞེས་ཀུན་བཟང་བསྟན་འཛིན་གྱིས་བློ་རྩ་བརྟན་པོས་བཤད།
   མཐའ་མཚམས་སུ་བཅར་འདྲི་བྱེད་སྐབས། བརྗེད་པར་དཀའ་བ་ནི་དམར་མདངས་བཀྲ་བའི་ཏང་དར་རེད།
   “ཏང་དར་དམར་པོར”བརྟེན་ནས་འགན་འཁྲི་སྒྲུབ།
   ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཏང་སྲིད་ལས་བྱེད་པ་གཉིས་ཀྱིས་ལས་འགན་གསར་པ་ཁུར་ནས་ཡུན་རིང་སོང་མེད། 1986ལོར་སྐྱེས་པའི་ཅང་ཁུན་ལུན་ནི་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་ནས་གནས་སྒྱུར་བསྐོ་གཞག་བྱས་པ་དང་། ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པ་དང་ལོ་32རང་རེད། ཁོ་གཉིས་ཀྱིས་བསམ་གཞིག་མང་ཤོས་བྱེད་པ་ནི་མཐའ་མཚམས་བརྟན་དུ་གཏོང་བའི་འགན་འཁྲི་ཡིན་ཞིང་། “མཐའ་མཚམས་ཀྱི་གནད་དོན་ཚང་མ་དོན་ཆེན་རེད”
   “ཏང་དར་དམར་པོར”བརྟེན་ནས་ངར་ཤུགས་སྐྱེས།
   ཁྲུའུ་ཧྲོའུ་ལུང་གིས་མིག་སྔར་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་འཕེལ་རྒྱས་ཀྱི་གནད་དོན་རེད། མག་མག་ཤང་གི་རྨང་གཞིའི་སྒྲིག་བཀོད་ཧ་་ཅང་ལེགས་སུ་ཕྱིན་པ་དང་ཡུལ་སྐོར་ལས་རིགས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཟིན་ནའང་ཡུལ་སྐོར་ལས་རིགས་ཀྱི་དུས་ཚིགས་རང་བཞིན་མངོན་གསལ་དོད་པ་དང་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་པོ་མེད་པའི་གནད་དོན་སྔར་བཞིན་ཐག་གཅོད་ཐུབ་མེད། “མཐའ་དར་དམངས་ཕྱུག་ཡོང་བར་རྩ་འཛུགས་ལ་རག་ལུས་པ་དང་འཕེལ་རྒྱས་གཏོང་བར་ཚང་མའི་བློ་སེམས་གཅིག་ཏུ་སྒྲིལ་དགོས”
    “ཏང་དར་དམར་པོར”བརྟེན་ནས་སྙིང་སྟོབས་འཕེལ།
   ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སངས་རྒྱས་ཆོས་འཕགས་ཀྱི་བཞུགས་གནས་རྙིང་པའི་དྲན་གསོ་ཁང་འདི་ལོ་སྒོ་ཕྱེ་ནས་འགྲེམས་སྟོན་བྱས་ཤིང་། ཡུལ་སྐོར་བ་མང་པོ་ཞིག་དེར་བསྐྱོད་ནས་དེ་སྔའི“མི་གསུམ་ཤང”གིས་མཐའ་མཚམས་སྲུང་བའི་དད་སེམས་བརྟན་པོ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཚོར་བར་བྱེད་ཀྱི་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱིས་ཡུལ་སྨད་བརྟན་པོར་བསྲུངས་ནས་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཡོད། ད་ཆ“ཡུལ་སྨད་ལ་སློབ་སྦྱོང་དང་། ལེགས་སྐྱེས་ལ་སྣང་ཆེན། མཐའ་མཚམས་སྲུང་བ”བཅས་ཀྱི་དུང་བརྡ་སྔ་ས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་གྲགས་ཡོད།
   རྒན་རབས་ཚོའི་རྒྱུག་མཐུད་དབྱུག་པ་བླངས་རྗེས་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ཀྱིས་ཡུལ་སྨད་དུ་གཞིས་ཆགས་པའི་གདམ་ག་བྱས། “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། ངས་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་གཞིས་ཆགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་མུ་མཐུད་བྱེད་འདོད་ཡོད”ཅེས་བཤད་པ་རེད།