འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་12ཉིན།

༄༅།།ལམ་ཐག་རིང་བའི“མཁའ་ལམ”ས་མཐོར་ ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་12ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཡར་ཀླུང་གཙང་པོའི་ལམ་ཐིག་ཉིས་གཤིབས་ཀྱི་རྫམ་ཟམ་ཆེན་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྨི་525.1དང་ཟམ་པ་ཨ་མར་སྨི་430ཡོད་པ།
འདི་ནི་ཡར་ཀླུང་གཙང་པོའི་ལམ་ཐིག་ཉིས་གཤིབས་ཀྱི་རྫམ་ཟམ་ཆེན་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྨི་525.1དང་ཟམ་པ་ཨ་མར་སྨི་430ཡོད་པ།
        མི་དམངས་དྲ་བའི་འཕྲིན། མཚོ་བོད་ས་མཐོའི་གངས་ཏི་སི་ནས་ཧི་མ་ལ་ཡའི་བར་རི་བོ་མཐོ་པོ་བརྒལ་བ་དང་། གཙང་པོ་སྒྲོལ་བ། ཕུག་ལམ་སྒྲོལ་བ་སོགས་ལམ་ཐིག་90%ཡན་གྱི་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་ལྷ་ཉིང་ལྕགས་ལམ་གངས་ལྗོངས་ས་མཐོར་བཏིང་བ་དང་། “བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཁྱབ་ཡོད།
     ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་435ཡོད་པ་དང་། ཕུག་ལམ་47དང་ཟམ་པ་121ཡོད་པ། ཟམ་པ་དང་ཕུག་ལམ་གྱི་བསྡུར་གྲངས་75%ཟིན་པ། ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོ་ཐེངས་16སྒྲོལ་དགོས་ཀྱི་ཡོད་པས་ཨར་ལས་ཀྱི་དཀའ་ཚད་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་རེད། འོན་ཀྱང་འཛུགས་སྐྲུན་པ་ཁྲི་13ལྷག་ཙམ་གྱི་དཀའ་སྤྱད་འབད་འཐབ་འོག་ཁྱོན་མ་དངུལ་སྒོར་དུང་ཕྱུར་360ལྷག་ཙམ་བཏང་བའི་ས་མཐོའི“མཁའ་ལམ”དེ་དུས་ཡུན་ལོ་6ལས་མ་འགོར་བར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད།
     འདི་ནི་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་དཔེ་མཚོན་གསར་ཤོས་ཤིག་རེད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད། ས་ཁུལ་དང་གྲོང་ཁྱེར་5ལ་ལྕགས་ལམ་ཤར་གཏོང་ཐུབ་པ་དང་གཉེར་སྐྱོང་ལམ་ཐག་སྤྱི་ལེ་1400ཙམ་ཟིན་པ་སོགས་དེང་གི་བོད་ལྗོངས་སུ་ལམ་ཐག་རིང་བའི“མཁའ་ལམ”ཤར་གཏོང་ཐུབ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།
     ངར་ལྕགས་ཀྱི“མཁའ་ལམ”
     ས་མཐོའི་ལྕགས་ལམ་འཛུགས་སྐྲུན་གྱི་དཀའ་གནད་མང་པོ་བསལ་བ།
     ལོ་26ལ་སླེབས་པའི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་གཞོན་ནུ་བློ་བཟང་བསྟན་འཛིན་གྱིས་ལྕགས་ལམ་ཤར་གཏོང་ཐུབ་རྒྱུའི་ཕུགས་འདུན་སེམས་ནང་ལོ་བཅུ་གྲངས་ཉར་ཡོད།
     ཆུང་དུས་ལྷ་སར་འགྲོ་སྐབས་རི་བོ་མཐོ་པོ་མང་པོ་བརྒལ་དགོས་ཀྱི་ཡོད་པས་རླངས་འཁོར་ལ་བསྡད་ན་ལམ་བར་དུ་ཉིན་གཉིས་ཏག་ཏག་འགོར་གྱི་ཡོད། སྐབས་དེ་དུས་ཁོང་གིས་མེ་འཁོར་ཞེས་པ་དེར་རྒྱུས་མངའ་གཏན་ནས་མེད།
     དམའ་རིམ་སློབ་འབྲིང་ཐོན་ནས་ཅང་ཤིས་སུ་མཐོ་རིམ་སློབ་འབྲིང་འགྲིམ་སྐབས་བློ་བཟང་བསྟན་འཛིན་མེ་འཁོར་ལ་ཐེངས་དང་པོ་བསྡད། སྒེའུ་ཁུང་ཕྱི་རོལ་ལ་བལྟ་སྐབས་གངས་རི་དང་རྩྭ་ཐང་མང་པོ་ཞིག་མིག་ལམ་དུ་མངོན་རྗེས་ཁོང་གི་སེམས་ལ་སྤྲོ་བ་རབ་ཏུ་འཕེལ་ཞིང་། ཁོང་གི་སེམས་ནང“ཕ་ཡུལ་དུ་ལྕགས་ལམ་ཤར་གཏོང་ཐུབ་ན་ཅི་མ་རུང་སྙམ”
     ལོ་ན་ཆུང་བའི་བློ་བཟང་བསྟན་འཛིན་གྱིས་སྐབས་དེ་དུས་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ནང་བཅུག་པ་གཏན་ནས་ཤེས་མེད། དུས་འགོའི་ལས་དོན་གྲ་སྒྲིག་གང་ལེགས་བྱས་རྗེས་2015ལོར་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་རྣམ་གྲངས་ཡིན་པའི་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་ཡོད།
     སློབ་ཆེན་ཐོན་རྗེས་བློ་བཟང་བསྟན་འཛིན་ཕ་ཡུལ་དུ་ལོག་ནས་རང་བརྟེན་ལས་གཏོད་བྱས་ཏེ་ངལ་ནུས་མཚམས་སྦྱོར་ཀུང་སི་ཞིག་བཙུགས་ནས་ཡུལ་མི་སྒྲིག་འཛུགས་ཀྱིས་ཉིང་ཁྲི་གྲོང་ཁུལ་དུ་ལས་ཀ་བྱེད་པར་བསྐྱོད། “སྣང་རྫོང་ནས་ཉིང་ཁྲི་བར་མང་ཆེ་བ་རི་ལམ་ཡིན་པས་རླངས་འཁོར་གཏོང་སྐབས་སེམས་ཁྲལ་ཆེན་པོ་ཡོད”
     ལོ་16གོང་བོད་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད། ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས། བོད་ཀྱི་ཁོངས་གཏོགས་ས་ཁུལ་དང་གྲོང་ཁྱེར་7གྱི་ས་ཁུལ་དང་གྲོང་ཁྱེར་5ལ་ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་1400ཙམ་ཟིན་པས་དེ་གོང་ལོ་གཉིས་རིང་ལས་གཏོད་བྱེད་པའི་ཐད་ཀྱི་བློ་བཟང་བསྟན་འཛིན་གྱི་སེམས་ཁྲལ་རྦད་དེ་བསལ་ཡོད། “མེ་འཁོར་ཤར་གཏོང་ཐུབ་ནས་ཟླ་བ་གཅིག་ལྷག་ཙམ་སོང་བ་དང་། ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་བཅས་སུ་སྐྱོད་བདེ་པོ་ཡོད་པས་རི་ལམ་གྱི་དཀའ་ཚེགས་དང་ཉེན་ཁར་སེམས་ཁྲལ་བྱེད་དགོས་མེད”
     “ལྕགས་ལམ་ངའི་ཕ་ཡུལ་དུ་བསྐྲུན་ནས་འབྲུག་ཆེན་རེ་རེ་བཞིན་ལ་ཀླུང་བརྒལ་ཏེ་གངས་ལྗོངས་ས་མཐོར་བདེ་སྐྱིད་ཁམས་བཟང་ཡོང་བའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”2005ལོར《མཁའ་ལམ》ཞེས་པའི་གླུ་གཞས་ཀྲུང་གོའི་ས་གཞི་ཆེ་མོར་དར་ཁྱབ་བྱུང་ནས་ས་མཐོའི་བུ་ཕྲུག་ཚོས་མཚོ་བོད་ལྕགས་ལམ་གྱི་ངོ་མཚར་ཆེ་བའི“མཁའ་ལམ”དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་གླུ་གཞས་ནས་མཚོན།
     ཀྲུང་གོ་བ་མི་རབས་ཁ་ཤས་ཀྱིས་རྨི་ལམ་དུའང་འགྲུབ་རེ་བྱེད་པའི་མཚོ་བོད་ལྕགས་ལམ་བསྐྲུན་པའི་འདུན་པ་དེར་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 1958ལོར་ཏང་ཀྲུང་དབྱང་གིས་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུ་བསྐྲུན་རྒྱུའི་ཐག་བཅད་པ་དང་1984ལོའི་ཟླ་5པར་ལྕགས་ལམ་དུམ་བུ་དེ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད། དུས་རབས་གསར་པར་སླེབས་རྗེས་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་སྤྱི་ཡོངས་ལ་དམིགས་ནས་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུ་བསྐྲུན་རྒྱུའི་ཐབས་ཇུས་གལ་ཆེན་བཏོན་ཡོད།
     མཚོ་བོད་ལྕགས་ལམ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་ཡིན་ཞིང་། ལམ་རྒྱུད་དུ་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་མི་འདང་བ་དང་། ས་གཤིས་རྙོག་འཛིང་ཆེ་བ། འཁྱགས་ས་རྒྱ་ཆེ་བ་བཅས་ཡོད་པས་ལས་གྲྭ་འཛུགས་སྐྲུན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ལམ་བཟོའི་དཔུང་ཆེན་ཁྲི་10ལྷག་ཙམ་གྱིས་དཀའ་ཚེགས་ཆེ་བའི་ཁུལ་དུ་ལོ་5དཀའ་སྤྱད་འབད་འཐབ་བྱས་ནས་མཐོང་དཀོན་པའི་ཚན་རྩལ་གྱི་དཀའ་གནད་མང་པོ་བསལ་མཐར་2006ལོར་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་ཤར་གཏོང་ཐུབ་ཡོད། 2006ལོའི་ཟླ་7ཚེས་1ཉིན་མཚོ་སྔོན་ཟི་ལིང་ནས་བོད་ལྗོངས་ལྷ་ས་བར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་1956ཡོད་པའི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད།
     མཚོ་བོད་ལྕགས་ལམ་ལྷ་ས་ནུབ་ཚུགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཝུའེ་ཏུང་འདི་གར་ལས་ཀ་བྱས་ནས་ལོ་15སོང་བ་དང་། ཁོང་གིས་ལྕགས་ལམ་དེར་འགྱུར་ལྡོག་བྱུང་བའི་དཔང་པོ་བྱེད་ཐུབ་ཅིང་། ལོ་15ཡི་རིང་བོད་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་དངོས་ཟོག་ཚང་མ་ལྡབ་20ལྷག་ཙམ་འཕར་བ་དང་། ལྷ་ས་དང་ཉེ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བ་དང་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ“མཁའ་ལམ”དེ་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ནས་རྒྱུན་ཆད་མེད་པར་དབོར་ཡོང་གི་ཡོད་ཅེས་བརྗོད།
     དྲ་དབྱིབས་ཀྱི“མཁའ་ལམ”
     རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ།
     ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱིས་བོད་ཀྱི་དེང་རབས་འགྲིམ་འགྲུལ་གྱི་རྣམ་པ་གསར་པ་བཏོད་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་མི་དམངས་བཅིངས་འགྲོལ་དམག་དང་། སི་ཁྲོན་དང་མཚོ་སྔོན་སོགས་ཞིང་ཆེན་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས། དེ་བཞིན་བཟོ་སྐྲུན་ལག་རྩལ་མི་སྣ་བཅས་མི་ཁྲི་11ལས་གྲུབ་པའི་གཞུང་ལམ་འཛུགས་སྐྲུན་དཔུང་ཆེན་གྱིས་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་དཔའ་ངར་ཆེན་པོས་འབད་འཐབ་བྱས་ནས་1954ལོར་ལམ་ཐག་སྤྱི་ལེ་4360ཟིན་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་པས། བོད་དུ་དེང་རབས་ཅན་གྱི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། “མིའི་རིགས་ཀྱི་དཀའ་ཚེགས་ཆེ་བའི་ཁུལ”གྱི“འཛམ་གླིང་ཡང་རྩེར”གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད།
     ཏང་དང་སྲིད་གཞུང་གིས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཤེས་ལྡན་མི་སྣ་དང་། ལག་རྩལ། རྣམ་གྲངས། མ་དངུལ་སོགས་ཀྱི་ཐད་གཙོ་གནད་ཐོག་གཟིགས་སྐྱོང་གནང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཤིན་བོད་དང་། ཡུན་བོད། ཀྲུང་ནེ་སོགས་གཞུང་ལམ་གཙོ་བོ་མགྱོགས་མྱུར་བསྐྲུན་པ་དང་། མཚོ་བོད་དང་ཁྲོན་བོད་གཞུང་ལམ་དུའང་གཅིག་རྗེས་གཉིས་མཐུད་ངང་སྣུམ་ནག་བཏིང་ཡོད།
     རི་སུལ་གྱིས་བར་ཆོད་པའི་དབང་གིས་མེ་ཏོག་རྫོང་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་གྲོང་མཇུག་ཤོས་དེ་ཡིན།
     དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་འཆར་འགོད་བྱས་ནས་བསྐྲུན་པའི་མེ་ཏོག་གཞུང་ལམ་ལ“འཛམ་གླིང་ཐོག་སྐྲུན་དཀའ་ཤོས་ཀྱི་གཞུང་ལམ”ཞེས་འབོད་ཅིང་། ལོ་40ལྷག་ཙམ་རྒྱུན་མཐུད་འཛུགས་སྐྲུན་བྱས་ཀྱང་ད་དུང་གཞུང་ལམ་རྦད་དེ་ཤར་གཏོང་ཐུབ་མེད།
     མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ནི་མེ་ཏོག་རྫོང་སྤང་ཞིང་ཤང་སྐེམ་སྡེང་གྲོང་ཚོ་ནས་ཡིན་ལ། མེ་ཏོག་ནས་ཐོན་པའི་མོན་པ་རིགས་ཀྱི་སློབ་ཆེན་སློབ་མ་ཞིག་ཀྱང་ཡིན། ཆུང་དུས་མེ་ཏོག་ནས་ཉིང་ཁྲིར་སློབ་གྲྭར་བསྐྱོད་པའི་ལམ་བར་གྱི་དཀའ་ངལ་ལ་ཕྱིར་དྲན་བྱེད་སྐབས་སྐལ་བཟང་བདེ་སྐྱིད་ཀྱིས“སློབ་གྲྭར་རྐང་ཐང་མར་བསྐྱོད་རྒྱུ་ལས་མེད་ལ། ད་དུང་མཐོ་ཚད་སྨི་4000ལྷག་ཙམ་གྱི་གངས་རི་དང་། གྲང་ཟུག་ཆེ་བའི་གཙང་པོ། གདོད་མའི་ནགས་ཚལ་བཅས་སྒྲོལ་དགོས་པས། ལམ་བར་དུ་གཟའ་འཁོར་གཅིག་ལྷག་ཙམ་འགོར་གྱི་ཡོད”ཅེས་བཤད་པ་དང་། ཉིང་ཁྲིར་སློབ་ཆུང་འགྲིམ་རིང་སྐལ་བཟང་བདེ་སྐྱིད་ཁྱིམ་དུ་ཐེངས་གསུམ་ལས་ལོག་མྱོང་མེད།
     བོད་ཀྱི་དམངས་འཚོའི་བདེ་སྡུག་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། 2008ལོའི་ཟླ་10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་བོད་ཀྱི་མེ་ཏོག་གཞུང་ལམ་གྱི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུར་ཆོག་མཆན་སྤྲད་དེ་མེ་ཏོག་གཞུང་ལམ་བསྐྲུན་རྒྱུའི་ཐག་བཅད། ད་ཐེངས་ཆོག་མཆན་སྤྲད་པའི་མེ་ཏོག་གཞུང་ལམ་ནི་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་གྲོང་བར་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་117ཡོད།
     རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.5བཏང་སྟེ་དུས་ཡུན་ལོ་4བསྐྲུན་མཐར་2013ལོའི་ཟླ་10པའི་ཟླ་མཇུག་ཏུ་ཁྲབ་མེ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་སྟེ། མེ་ཏོག་གི་ལོ་འཁོར་མོར་གཞུང་ལམ་ཤར་གཏོང་ཐུབ་པའི་དུས་ཡུན་དེ་སྔའི་ཟླ་3ཡས་མས་ནས་ཟླ་9ནས་10བར་རིང་དུ་ཕྱིན་ཡོད།
     ཁྲབ་མེ་གཞུང་ལམ་ཤར་གཏོང་ཐུབ་པའི་ལོ་གཉིས་པར། མེ་ཏོག་རྫོང་གི་འགྲིམ་འགྲུལ་གྱི་འགག་གནད་གཉིས་པ་སྟེ་ཕད་མེ་གཞུང་ལམ་སྐྲུན་འགོ་ཚུགས། གཞུང་ལམ་དེ་ལས་ཉིང་ཁྲི་གྲོང་ཁུལ་ནས་མེ་ཏོག་རྫོང་གྲོང་བར་གྱི་ལམ་ཐག་སྤྱི་ལེ་346ནས་180བར་ཐུང་དུ་ཕྱིན་པ་དང་འགྲུལ་བཞུད་དུས་ཡུན་ཆུ་ཚོད་8ཙམ་ཐུང་དུ་ཕྱིན་ཡོད། ལོ་7དཀའ་སྤྱད་འཛུགས་སྐྲུན་བྱས་པ་བརྒྱུད་ད་ཆ་ཕད་མེ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད།
     ད་ཆ་བོད་དུ་རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་11.88ཟིན་ཞིང་། ལྗོངས་ཡོངས་ཀྱི་རྫོང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་94%དང་76%སོ་སོར་ཟིན་ཡོད། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་གཞུང་ལམ་གྱི་དྲ་བ་ཆེན་པོ་ཞིག་གིས་ཐག་རིང་གི་གྲོང་ཚོ་དང་། འབྲོག་ར། གངས་རི། མཚེའུ་སོགས་གཅིག་ཏུ་སྦྲེལ་ཡོད།
     ཕྱོགས་བསྡུས་ཀྱི“མཁའ་ལམ”
     ད་ནས་བཟུང“མཁའ་མཐའི་མངའ་རིས”ཀྱང་ལམ་ཐག་རིང་པོ་མིན།
     མངའ་རིས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་སེང་གེ་ཁ་འབབ་གྲོང་རྡལ་ནས་ལྷ་ས་བར་ལམ་ཐག་སྤྱི་ལེ་1400ལྷག་ཙམ་ཡོད། ཉེ་འཁོར་གྱི་གྲོང་ཁྱེར་ཐག་ཉེ་ཤོས་ཀྱང་སྤྱི་ལེ་1300ལྷག་ཙམ་གྱི་སར་ཡོད་པའི་ཤིན་ཅང་ཧོ་ཐེན་གྲོང་ཁྱེར་རེད། དེས་ན་མི་རྣམས་ཀྱིས་ལམ་ཐག་རིང་པོར་བལྟོས་ནས་མངའ་རིས་ལ“མཁའ་མཐའི་མངའ་རིས”ཞེས་འབོད་ཀྱི་ཡོད།
     2010ལོའི་གོང་དུ་མངའ་རིས་ཀྱི་འགྲོ་སྐྱོད་ཚང་མ་གཞུང་ལམ་ལ་བརྟེན་དགོས་ཤིང་། སེང་གེ་ཁ་འབབ་གྲོང་རྡལ་ནས་ལྷ་ས་བར་ཉུང་མཐར་ཡང་ཆུ་ཚོད་40འགོར་གྱི་ཡོད།
     མངའ་རིས་ཀྱི་འགྲིམ་འགྲུལ་ལེགས་སུ་གཏོང་ཆེད། 2007ལོའི་ཟླ་5པར། སེང་གེ་ཁ་འབབ་གྲོང་རྡལ་གྱི་ས་བབ་མཐོ་ཚད་སྨི་4270ལྷག་ཙམ་ཡོད་པའི་ལྷོ་ནུབ་ཀྱི་སར་དགུན་ས་གནམ་ཐང་སྐྲུན་འགོ་ཚུགས། ལོ་གསུམ་གྱི་རྗེས་སུ་དགུན་ས་གནམ་ཐང་བསྐྲུན་ཟིན་ཞིང་། མངའ་རིས་ནས་ལྷ་ས་བར་གནམ་གྲུར་བསྡད་ན་ཆུ་ཚོད་གཉིས་ལས་འགོར་གྱི་མེད་པ་དང་། མངའ་རིས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཉིན་དེ་རང་ལ་སླེབས་ཀྱི་ཡོད།
     འདི་ལོའི་ཟླ་4པར། མངའ་རིས་སྤུ་ཧྲེང་གནམ་ཐང་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མཆན་འགོད་བཀའ་ལན་ཐོབ་སྟེ། སླར་ཡང“མཁའ་དབྱིངས་ཀྱི་ལམ་བུ”གཞན་ཞིག་མི་རིང་བར་སྐྲུན་འགོ་འཛུགས་རྒྱུ་ཡིན་པས། ད་ནས་བཟུང“མཁའ་མཐའི་མངའ་རིས”ཀྱང་ལམ་ཐག་རིང་པོ་མིན།
     གཞན་ཡང་། མངའ་རིས་ཀྱི“མཁའ་ལམ”གཞན་ཞིག་བསྐྲུན་པ་སྟེ། 2020ལོའི་ཟླ་12ཚེས་4ཉིན། རྒྱལ་ཁབ་གློག་དྲ་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། རིང་ཚད་སྤྱི་ལེ་1600ལྷག་ཙམ་ཡོད་པའི་གློག་སྐུད་དེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེའི་མདོ་གླིང་གློག་སྒྱུར་ས་ཚིགས་ནས་མངའ་རིས་ས་ཁུལ་སྒར་རྫོང་པར་གློག་སྒྱུར་ས་ཚིགས་བར་ཡིན་པ་དང་། གཞིས་རྩེ་དང་མངའ་རིས་ས་གནས་གཉིས་ཀྱི་ཆུས་དང་རྫོང་10བརྒྱུད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་74བཏང་བ་རེད།
     “གློག་ཤུགས་མཁའ་ལམ”དེའི་ས་བབ་མཐོ་ཤོས་ལ་སྨི་5357དང་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་4572ཟིན་གྱི་ཡོད་པ་དང་། ཨར་སྐྲུན་གྱི་ཁོར་ཡུག་ཧ་ཅང་ཞན་ལ་འགྲོ་ལམ་འགྲིམ་འགྲུལ་ལ་དཀའ་ཉེན་ཆེན་པོ་ཡོད་པས་མིག་སྔའི་བར་འཛམ་གླིང་གི་ས་བབ་མཐོ་ཤོས་དང་། ཨར་སྐྲུན་བྱེད་ཚད་དཀའ་ཤོས། འགྲན་སློང་རང་བཞིན་ཆེ་ཤོས་བཅས་ཀྱི་ཆན་ཧྥུའུ་500ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་རེད། ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་ལས་མངའ་རིས་ས་ཁུལ་དུ་གློག་དྲ་གཅིག་ཁོ་ན་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་མངའ་རིས་ས་ཁུལ་དུ་གློག་དཀོན་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཅིང་། ལམ་རྒྱུད་ཀྱི་ཆུས་དང་རྫོང་16གི་ཞིང་འབྲོག་པ་ཁྲི་38ལ་བདེ་འཇགས་དང་བློས་འགེལ་ཆོག་པའི“དྲ་ཆེན་གློག”མཁོ་འདོན་ཐུབ་ཡོད།
     ལོ་53ལ་སླེབས་པའི་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་གྱི་གྲོང་མི་གུ་རུས་འདི་ལོ་ཁྱིམ་སྤྱོད་གློག་ཆས་གསར་རྐྱང་ཁག་གཅིག་བློ་བདེ་པོས་ཉོས་པ་རེད། སྤུ་ཧྲེང་གྲོང་རྡལ་དུ་ལོ་བཅུ་གྲངས་འཚོ་བ་བསྐྱལ་བའི་རིང་གློག་དཀོན་པ་ནི་དེ་སྔ་གུ་རུས་སེམས་ཁྲལ་བྱེད་ས་ཞིག་རེད། ཆུང་དུས་གློག་མེད་པས་སྣུམ་བཞུ་སྤོར་དགོས་པ་དང་། གསལ་པོ་མེད་ལ་དུ་བའང་ཆེ། “དགུན་ཁ་ཐབ་ནས་དུ་བ་ཐོན་ལ་སྣུམ་བཞུ་སྤར་བ་ལས་ཀྱང་དུ་བ་ཐོན་པས་དུ་སུབ་ཐེབས་ནས་མིག་ཆུ་དོན་པ་མ་ཟད། སྣ་ཁུང་ལའང་ཚ་ཤུར་བརྒྱབ་ཀྱི་འདུག”གུ་རུས་རང་དབང་མེད་པར་སྣ་འཕུར་བཞིན་དུ“ད་ཆ་ཡག་པོ་འདུག ཕྱིས་སུ་གློག་ལ་བརྟེན་ནས་དྲོད་གཏོང་ཐུབ་པ་དང་གློག་མི་འཁྱོག་པའི་སེམས་ཁྲལ་བྱེད་མི་དགོས”ཞེས་བཤད།
     ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོར་འོག་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་ཀྲུང་དབྱང་གིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1.63བཏང་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་693བཏང་བའི་ནང་མང་ཆེ་བ་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཀོལ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ནས་བོད་ལ་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་པ་རེད།