འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་11ཉིན།

༄༅།།གངས་ལྗོངས་ས་མཐོའི་མཆོང་སྐྱོད་གསར་པ།

—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་བྲིས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་11ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།གངས་ལྗོངས་ས་མཐོའི་མཆོང་སྐྱོད་གསར་པ།
      མི་དམངས་དྲ་བའི་འཕྲིན། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་སུ་བྱ་འཕུར་བ་ལྟར་སྐྱོད་བཞིན་ཡོད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་གི་གྲོང་མིའི་སྡོད་ཁང་གསར་ལ་དཀར་ཆ་དོད་པ། ཐག་རིང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་དྲ་སྦྲེལ་སྨན་བཅོས་བྱེད་ས་ཡོད་པ་སོགས། ལོ་རྒྱུས་དང་དོན་དངོས་ཀྱི་རྣམ་པ་གསར་པའི་འཕོ་འགྱུར་ལ་མནོ་བསམ་གཏོང་སྐབས་དུས་རབས་གསར་པའི་བོད་ལྗོངས་གསར་པའི་ཕྱོགས་གང་ས་ནས་གསོན་ཤུགས་གསར་པ་མངོན་པས་མི་རྣམས་ལ་ཚོར་སྣང་ཟབ་མོ་མང་པོ་སྐྱེ་ཡོད།
     ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་ལུགས་མཚོན་པར་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པས། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སྔོན་ཆད་དང་བསྡུར་ཐབས་མེད་པའི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་པ་རེད།
     སྔོན་ཆད་ཀྱི་རྣམ་པ་དང་ད་ཆའི་རྣམ་པ་གསར་པའི་ཐོག་ནས་བོད་ཀྱི་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོ་དང་ལོ་ངོ་སྟོང་གི་མཆོང་སྐྱོད་མཚོན་གྱི་ཡོད།
     རྣམ་པ་གསར་པ།
     “དཀའ་ཉེན་ཧ་ཅང་ཆེ་བ་དང་གང་ཅིའི་ཐད་ལྟ་ས་གང་ཡང་མེད་པ”ནས་ལམ་བུ་ཤར་གཏོང་དང་། གློག་བརྟན་པོ། ཆ་འཕྲིན་ཤར་གཏོང་བཅས་བར་གྱི་འགྱུར་ལྡོག
     རླངས་འཁོར་བཏང་ནས་བོད་དུ་སྐྱོད་སྐབས་མྱོང་ཚོར་ཟབ་ཤོས་ནི་ལམ་བུ་རེད།
     ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་ཆེན་པོ་ལྷ་ས་སྐྱིད་ཆུའི་ངོགས་སུ་འགྱིང་ངེར་གནས་ཡོད། རྡོ་རིང་སྟེང་དེ་སྔ་ལམ་བཟོ་སྐབས་ཀྱི་དཀའ་སྤྱད་ལས་སྒྲུབ་ཀྱི་སྐོར་འཁོད་ཡོད་པ་སྟེ།“བོད་རྒྱ་དམག་དམངས་ཁྲི་བཅུ་གཅིག་གི་ལམ་བཟོ་བས་དཀའ་སྡུག་བཟོད་བསྲན་དང་ཁ་བ་བུ་ཡུག་ལ་མི་འཛེམ་པར་ཕྱར་བ་གྲུ་འདེགས་ཀྱིས་རང་བྱུང་བཙན་འགག་སྣ་ཚོགས་དང་འཐབ་པ”ལ་སོགས་འཁོད་ཡོད།
     སྔོན་ཆད་བོད་དུ་སྐྱོད་དཀའ་བ་དང་བོད་ནས་ཐོན་དཀའ་ལ། བོད་ནང་ཁུལ་དུའང་འགྲོ་སྐྱོད་སྟབས་བདེ་མེད། 1930ལོར་དཔེ་སྐྲུན་བྱས་པའི《བོད་ཀྱི་དུས་མཇུག་གི་ཟིན་བྲིས་གནད་བསྡུས》ནང་བོད་ཀྱི་འགྲོ་ལམ་སྐོར་ལ་འདི་ལྟར་བྲིས་ཡོད་པ་སྟེ། “གང་སར་གྲམ་རྡོས་ཁེངས་པ་དང་། མི་དང་རྟ་དྲེལ་འགྲོ་སའི་ལམ་མེད་པ། དཀའ་ཉེན་ཧ་ཅང་ཆེ་བ། གང་ཅིའི་ཐད་ལྟ་ས་གང་ཡང་མེད”ཅེས་འཁོད་ཡོད།
     ཐང་མའོ་ལེང་གིས་བོད་ལྗོངས་མེ་ཏོག་རྫོང་གྲོང་དུ་ཐེངས་དང་པོ་བསྐྱོད་པའི་སྔར་སོང་གི་བྱ་བ་རྡོ་ལ་རི་མོ་བརྐོས་པ་བཞིན་གསལ་ལེར་དྲན་པ་སྟེ། ལོ་ངོ་20ལྷག་ཙམ་གྱི་གོང་ཁོང་ནི་མེ་ཏོག་རྫོང་གི“ཀུ་ལི་དཔུང་ཆེན”གྱི་གྲས་ཤིག་ཡིན། ཁོང་གིས་རྡོག་ཁྲེས་ཁུར་ནས་སྨན་གླིང་རྫོང་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་གྲོང་དུ་བསྐྱོད་པར་ཉིན་བཅུ་གྲངས་ཁ་ཤས་འགོར་གྱི་ཡོད། སྐབས་དེ་དུས་ཀྱི་མེ་ཏོག་ནི་རང་རྒྱལ་གྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་མཇུག་ཤོས་དེ་རེད།
     ད་ཆ་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་གྲོང་བར་གྱི་གཞུང་ལམ་བརྒྱུད་དགའ་ལུང་ལའི་གངས་རི་བརྒལ་བར་ཕུག་ལམ་དུ་སྐར་མ་6ཙམ་ལས་འགོར་གྱི་མེད། མེ་ཏོག་རྫོང་གྲོང་དུ་སྐྱོད་སའི་འགྲིམ་འགྲུལ་གྱི་གནད་ཆེའི་ལམ་བུ་གཞན་ཞིག་ཡིན་པའི་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་གྲོང་བར་གྱི་གཞུང་ལམ་དུའང་འདི་ལོའི་ཟླ་5པར་རླངས་འཁོར་ཤར་གཏོང་ཐུབ་ཡོད། སྔོན་ཆད་ཀྱི“ས་མཐོའི་ཁེར་ཆགས་གླིང་ཕྲན”ད་ཆ་སྐོར་ལམ་སྦྲེལ་མཐུད་ཐུབ་ཡོད།
     འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཆེན་པོ་ཕྱིན་པ་མེ་ཏོག་རྫོང་གྲོང་གཅིག་པུ་ག་ལ་ཡིན། ད་ཆ་བོད་ཀྱི་གཞུང་ལམ་གྱི་དྲ་བ་འཕྲེད་གཞུང་གང་སར་ཁྱབ་པ་སྟེ། གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། ཟླ་6པར་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་ཡོད། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གཙང་པོ་བརྒལ་བ་དང་ཕུག་ལམ་སྒྲོལ་བཞིན་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོར་བྱ་འཕུར་བ་ལྟར་སྐྱོད་བཞིན་ཡོད། དེས་ན་ལྷ་ས་ནས་ཉིང་ཁྲི་བར་ཆུ་ཚོད་3ལྷག་ཙམ་ལས་འགོར་གྱི་མེད། སྔོན་ཆད“མཁའ་ལམ”བོད་དུ་ཐེངས་དང་པོ་ཤར་གཏོང་ཐུབ་སྐབས་བདེ་སྐྱིད་ལྡན་པའི་གླུ་སྒྲ་འཛམ་གླིང་ཡང་རྩེར་གྲགས། ད་ཆ“མེ་འཁོར་ལ་བསྡད་ནས་ལྷ་སར་འགྲོ་བ”དེ་དར་སྲོལ་ཞིག་མིན་པར“ཤུགས་འགྲེམས་མེ་འཁོར་ལ་བསྡད་ནས་ལྷ་སར་འགྲོ་བ”དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
     ལོ་ངོ་10ཡི་གོང་བོད་ལྗོངས་ད་དུང་གློག་དྲ་ཁེར་རྐྱང་འཁོར་རྒྱུག་བྱེད་ཅིང་། སྐབས་དེར་གློག་ཤུགས་བརྟན་པོ་མེད་པས་གློག་ཡང་སེ་ཆད་ཀྱི་ཡོད། ལོ་ངོ་10སོང་རྗེས་མཚོ་བོད་གློག་ཤུགས་དྲ་སྦྲེལ་དང་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ། བོད་དབུས་ཀྱི་གློག་ཤུགས་དྲ་སྦྲེལ། མངའ་རིས་དྲ་སྦྲེལ་ལས་གྲྭ་བཅས“གློག་ཤུགས་མཁའ་ལམ”4ཡིས་གངས་ལྗོངས་ས་མཐོར་འོད་སྣང་སྦྱིན་པ་དང་། གློག་དྲ་གཙོ་བོ་བོད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང(ཆུས)74ལ་ཁྱབ་ཡོད།
     ལམ་བུ་ཤར་གཏོང་ཐུབ་པ་དང་། གློག་བརྟན་པ། ཆ་འཕྲིན་ཤར་གཏོང་ཐུབ་པ།
     འབྲི་ཆུའི་ངོགས་ནས་ཇོ་མོ་གླང་མའི་རྩེ་མོ་བར་དང་། བྱང་རྩྭ་ཐང་ནས་མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་བར་དེང་རབས་འཕྲིན་གཏོང་མི་སེར་དཀྱུས་མའི་ཁྱིམ་དུ་ཤར་གཏོང་ཐུབ་ནས་ཆ་འཕྲིན་མྱུར་བགྲོད་ལམ་བུ་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཤར་གཏོང་ཐུབ་ཡོད། ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་ཚང་བའི་གྲོང་ཚོ(གྲོང་ལྷན)ཚང་མར་འོད་སྐུད་ཤར་གཏོང་ཐུབ་པའི་བསྡུར་ཚད་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཚད་99%ཟིན་པ་དང་། བོད་ཀྱི་མི་དམངས་ཀྱིས་སྒུལ་བདེའི་གཏོང་སྤྲོད་སྔ་ས་ནས་རྒྱུན་གཏན་དུ་གྱུར་པ་དང“ཐད་གཏོང་བྲིན་ཚོང”དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
     འཚོ་བ་གསར་པ།
     ཤིན་ཏུ་དབུལ་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སླེབས་པ།
     གསར་འགོད་པ་མངའ་རིས་ས་ཁུལ་གྱི་སྒེར་རྩེ་རྫོང་གྲོང་ཉེ་འདབས་སུ་གནས་པའི“སྨོན་སྒྲུབ་སྡེ་ཁུལ”དུ་བསྐྱོད་དེ་འབད་འཐབ་བྱས་ནས་ཕུགས་འདུན་མངོན་འགྱུར་བྱུང་བའི་གཏམ་རྒྱུད་ཉན་པ་ཡིན།
     རྡོ་ཆུང་ནི་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོའི་གྲས་ཤིག་ཡིན་པ་དང་རྫོང་དེའི་ཐག་རིང་འབྲོག་ཁུལ་ནས་སྤོས་པ་ཞིག་རེད། དེ་སྔའི་ཁང་པ་ནི་ས་ཕག་གི་ཁང་པ་ཡིན་པ་དང་ནང་མི་ཚང་མས་ཕྱུགས་རིགས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ལོར་ཡོང་འབབ་སྒོར་2000ཙམ་ཡང་ཟིན་གྱི་མེད། ལོ་ཤས་གོང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་རྡོ་ཆུང་གི་ནང་མི་ཚང་མ་རྫོང་གྲོང་གི་ཁང་པ་གསར་པར་སྤོས་པའི་ཁར་ཁོང་ལ་ཡོང་འབབ་བརྟན་པོ་ཡོད་པའི་ལས་ཀ་ཞིག་ཀྱང་རག་ཡོད།
     ཁང་པ་གསར་པའི་ནང་བསྡད་ནས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད། “སྨོན་སྒྲུབ་སྡེ་ཁུལ”གྱི་དུད་ཚང་44ཚང་མར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལས་ཕན་པ་ཐོབ་ཡོད། ཁྱིམ་ཚང་རེ་རེའི་ཕུགས་འདུན་འགྲུབ་པའི་གཏམ་རྒྱུད་ཚང་མ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་ཞིག་ཡོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་མའི་དུས་སུ་བོད་ལྗོངས་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་ཡིན་པ་དང་། རྒྱལ་ཡོངས་ཀྱི་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་པོའི་ཚད་གཞི་མཐོ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ནས་བོད་ལྗོངས་འདི་ཉིད་ལོ་ངོ་སྟོང་གི་དབུལ་པོ་དབུལ་རྐྱང་གི་འཆིང་རྒྱ་ལས་ཐར་ཡོད།
     ཟིལ་རླབས་དགུང་འཕྱུར་གྱི་འཕོ་འགྱུར་ཆེན་པོའི་ལོ་རྒྱུས་ལམ་བུར་མི་ཚང་མའི་འབད་འཐབ་དང་འགྱུར་ལྡོག་འདུས་ཡོད། འབྲི་ཆུའི་འགྲམ་ངོགས་ནས་སེང་གེ་ཁ་འབབ་ངོགས་བར་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་ནས་བོད་བྱང་ཐང་བར་དྲོ་འཇམ་ཉི་འོད་འོག་འཛུམ་མདངས་འཕྱུར་དོན་ནི་བོད་ཀྱི་མི་དམངས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པས་རེད།
     ཆབ་མདོར་བཅར་འདྲི་བྱེད་སྐབས་ས་ཆ་གཉིས་སུ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད།
     “དཀར་ཆ་དོད་པོ་མེད་པའི་སློབ་ཁང་གི་རྐུབ་སྟེགས་རྙིང་པའི་སྟེང་ཕྲུ་གུ་ཁ་ཤས་བསྡད་འདུག”ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་བོད་ཀྱི་དེང་རབས་ཀྱི་སློབ་གྲྭ་དང་པོ་དེ་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་50པར་སློབ་གྲྭ་སྐྲུན་སྐབས་ཆ་རྐྱེན་ཡག་པོ་དེ་ཙམ་མེད། ཕྱིས་སུ་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་ལ་རིམ་བཞིན་འགྱུར་ལྡོག་བྱུང་བ་སྟེ། ད་ཆ་གློག་རྡུལ་དཀར་པང་སློབ་ཁང་དང་། བརྒྱུད་ལམ་སྣེ་མང་ཅན་གྱི་སློབ་ཁང་། ཚོད་ལྟ་ཁང་སོགས་གང་དགོས་ཚང་མ་ཡོད། སློབ་གྲྭས་གསར་དུ་བཙུགས་པའི་མི་མེད་གནམ་གྲུའི་དགའ་མོས་ཚོགས་ཆུང་འདི་ལོ་རྒྱལ་ཡོངས་ཀྱི་གར་སྟེགས་སུ་འགྲན་བསྡུར་ལ་ཞུགས་པ་རེད།(པར་ངོས་གཉིས་པར་གཟིགས)
     ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དེ་བོད་ཀྱི་དེང་རབས་སྨན་ཁང་དང་པོ་ཡིན་པའི་ངོས་ནས་སྐབས་དེ་དུས་མང་ཚོགས་ཀྱི་སྡོད་ཁང་ཞིག་ཏུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། ཉིན་རེར་སྨན་ཁང་དུ་སྨན་བཅོས་བྱེད་མཁན་ནད་པ་མི་ཐེངས་20ཙམ་ལས་ཟིན་གྱི་མེད། ད་ཆ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དེར་ནད་ཐོག་སྨན་བཅོས་དང་། བདེ་སྲུང་། ཚན་ཞིབ། སློབ་ཁྲིད། མྱུར་སྐྱོབ་བཅས་གཞི་གཅིག་ཏུ་འདུས་ནས་ལོ་ལྟར་གཤགས་བཅོས་ཐེངས་6000ལྷག་ཙམ་བྱེད་ཀྱི་ཡོད།
     འགྱུར་ལྡོག་ཆུང་ཙག་ལས་བོད་ཀྱི་དམངས་འཚོའི་བྱ་གཞག་ཉིན་བཞིན་འཕེལ་རྒྱས་ཕྱིན་པ་མངོན་ཐུབ།
     ལོ་ངོ་70ཡི་གོང་། བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་ལ་ཡིག་རྨོངས་བས་95%ཟིན་གྱི་ཡོད། ད་ཆ་དེང་རབས་སློབ་གསོའི་མ་ལག་འཐུས་སྒོ་ཚང་བའི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3195ཡོད་པ་དང་། སློབ་ཞུགས་གོང་གི་སློབ་གསོའི་ལོ་གསུམ་གྱི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་87%ཟིན་པ། སློབ་ཆུང་དུ་ན་འཚམ་སློབ་ཞུགས་ཐུབ་ཚད་99.93%ཟིན་པ། དམའ་འབྲིང་དང་། མཐོ་འབྲིང་། མཐོ་རིམ་སློབ་གསོ་བཅས་སུ་ན་འདྲེས་བྱིས་པ་སློབ་ཞུགས་ཐུབ་ཚད་106.99%དང་། 90.2% 56.14%བཅས་སོ་སོར་ཟིན་ཡོད།
     ལོ་ངོ་70ཡི་གོང་བོད་དུ་སྒྲིག་ཆས་ཐབས་ཆག་དང་གཞི་ཁྱོན་ཧ་ཅང་ཆུང་བའི་གཞུང་བཙུགས་སྨན་རྩིས་ཁང་3དང་སྒེར་གྱི་སྨན་བཅོས་ཁང་ཉུང་ཤས་ལས་མེད། ད་ཆ་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན། བོད་ལུགས་གསོ་རིག་དང་བོད་སྨན་སོགས་འཐུས་སྒོ་ཚང་བའི་ཞབས་ཞུའི་མ་ལག་བཙུགས་ཡོད་ལ། སྨན་བཅོས་འཕྲོད་བསྟེན་དྲ་བ་གྲོང་ཁྱེར་དང་གྲོང་གསེབ་གང་སར་ཁྱབ་ནས་མི་རེའི་ཆ་སྙོམས་ཚེ་ཚད་ཧ་ཅང་རིང་དུ་སོང་ཡོད།
     གསོན་ཤུགས་གསར་པ།
     དབུལ་ཞིང་ཕོངས་པ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
     ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་འདི་ཉིད་དབུལ་ཞིང་ཕོངས་པ་ཞིག་ཡོད་ཅིང་། འཕེལ་རྒྱས་ཀྱི་འགོ་འཛུགས་ཕྱི་བ་དང་རྨང་གཞི་ཞན་པས་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཇི་ལྟར་བསྐྱོད་དགོས་སམ།
     ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེ་ཡིན་ཞིང་། ལོ་དེར་ཡར་ལངས་ཞིང་བྲན་གྱི་གླུ་སྒྲ་ཡང་གནས་དེ་ནས་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་གྲགས།
     སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་སྤེན་པ་ཚེ་རིང་གིས་གསར་འགོད་པར་འབབ་འཕར་སྐོར་གླེང་སྐབས། ཁེ་གསུམ་གྲོང་ཚོ་ནི་ལྷོ་ཁ་གྲོང་ཁུལ་དང་ཐག་ཉེ་བ་མ་ཟད། གསར་བརྗེའི་ཐོན་ཁུངས་དང་། གྲོང་འདབས་དཔལ་འབྱོར། ངལ་ནུས་དཔལ་འབྱོར། གསར་བརྗེའི་ཡུལ་སྐོར་བཅས་ཡོད་པས། དེ་དག་ཚང་མ་འབབ་འཕར་གྱི་ཐབས་ལམ་བཟང་ཤོས་ཤ་སྟག་རེད། “འཕེལ་རྒྱས་ཐབས་ལམ་མང་པོ་ཡོད་མོད་ཀྱང་། མང་ཚོགས་ཕྱུག་པོ་ཆགས་རྒྱུ་དང་པོ་རེད”ཅེས་བརྗོད་བྱུང་།
     བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་32%ཟིན་པ་དང་བོད་ཀྱི་མི་འབོར་མང་ཆེ་བ་ད་དུང་ཞིང་འབྲོག་ཁུལ་དུ་གནས་ཡོད། བོད་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ནས་དང་འབྲི་གཡག་ཐོན་ལས་ནི་གཙོ་གཉེར་ཐོན་ལས་ཡིན། སོན་བཟང་ཁྱབ་གདལ་བཏང་ནས་མུའུ་རེའི་ཐོན་འབབ་མཐོ་རུ་བཏང་བ་དང་། གསར་གཏོད་ལ་བརྟེན་ནས་ཕན་འབྲས་ལ་སྐུལ་འདེད་བཏང་ཡོད། 2020ལོར་བོད་དུ་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་90%ཟིན་པ་དང་། མུའུ་རེའི་ཐོན་འབབ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་སྤྱི་རྒྱ་80ཙམ་ནས་སྤྱི་རྒྱ་380བར་འཕར་ཡོད།
     སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བོད་ཀྱིས་འཕེལ་རྒྱས་ཐམས་ཅད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་རྒྱུ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་རྒྱུ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལྡན་རྒྱུ་མཐའ་འཁྱོངས་བྱས་ཡོད།
     བསྡོམས་རྩིས་གྲངས་གཞི་ལས་མངོན་པར། བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་བ་དང་ལོ་6བསྟུད་མར་རྒྱལ་ཡོངས་ཀྱི་འཕར་ཚད་ཀྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། 2020ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་འཁོད་པའི་1965ལོའི་ལྡབ་135ཟིན་ཡོད།
     ཆར་རྗེས་ཀྱི་ནམ་མཁའ་གཡའ་དག་ཅིང་ར་སྐྱོར་ལ་བསྙེས་ནས་རྒྱང་ལྟ་བྱེད་སྐབས། ནགས་ཚལ་སྟུག་པོ་དང་ཆུ་བོ་ཤང་ཤང་དུ་རྒྱུགས་པ་མཐོང་བྱུང་། རྒྱལ་ལམ་318རྒྱུད་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་ཚོའི་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་གང་སར་སྐད་གྲགས་ཆོད་ཡོད། ཡུལ་སྐོར་བས“ཨ་ཁུ་ཕུན་ཚོགས”ཞེས་འབོད་པའི་གྲོང་མི་དེའི་མིག་རྒྱང་ཧ་ཅང་རིང་བས། ལོ་མང་གོང་ནས་རྒྱལ་ལམ་318རྒྱུད་དུ་ཡུལ་སྐོར་ལ་ཡོང་མཁན་མང་བར་དམིགས་ཏེ། ཞིང་པའི་བཟའ་བཏུང་ནས་བོད་བཟོའི་ཞག་སྡོད་དང་། སྐྱེ་ཁམས་ལྟ་སྐོར། ཉམས་ལེན་གཏིང་ཟབ་བཅས་བར་འཕེལ་རྒྱས་བཏང་བས། ཡུལ་སྐོར་གྱི་ཡོང་འབབ་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད།
     སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བོད་ཀྱིས་དགེ་སྤེལ་སྐྱོན་སྤང་དང་ཡུལ་བབ་དང་བསྟུན་ནས“ཁྱད་ལྡན་ལམ་བུར”བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཤིང་། བོད་ཀྱི་ཁྱད་ཆོས་གང་དུ་ཡོད་དམ་ཞེ་ན། སྔོ་ཞིང་དྭངས་བའི་རི་ཆུ་དང་། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི། ཐུན་མོང་མ་ཡིན་པའི་ས་མཐོའི་ས་དབྱིབས། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་བཅས་ལོས་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.6ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་2100ལྷག་ཙམ་བྱུང་ཡོད། མིག་སྔར་བོད་ཀྱིས་ཀྲུང་དབྱང་གི་རྒྱབ་སྐྱོར་འོག་འཛམ་གླིང་གི་ཡུལ་སྐོར་དམིགས་སའི་ཁུལ་གལ་ཆེན་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པས་ཕུགས་ཀྱི་ལེགས་ཆ་དང་མདུན་ལྗོངས་ཡངས་པོ་ཡོད།
     བཟོ་གྲྭའི་ནང་ཆུ་འཁོར་དང་གློག་འདོན་འཕྲུལ་འཁོར་གྱི་སྒྲས་ཁེངས་ཤིང་། ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་འགན་ཁུར་བས“ཆུའི་ཐོན་ཁུངས་ལེགས་པ་དང་། ཆུ་བོའི་སྟོད་རྒྱུད་ནས་ཆུ་རྒྱུགས་ཚད་སྙོམས་ལ་ཆུ་ཁ་འཕར་ཆག་བརྟན་པོ་ཡོད། འཕྲུལ་ཙུའུ་གཞན་གཉིས་པོ་སྒྲིག་སྦྱོར་བྱེད་བཞིན་ཡོད། སྔོན་དཔག་བྱས་ན་2022ལོར་འཕྲུལ་ཙུའུ་4པོ་ཚང་མ་ནས་གློག་གཏོང་ཐུབ་རྒྱུ་རེད”ཅེས་ངོ་སྤྲོད་བྱས་བྱུང་།
     དེ་ནི་མིག་སྔར་བོད་ཀྱི་འཕྲུལ་ཙུའུ་རྐྱང་པ་ནས་གློག་གཏོང་ཚད་མཐོ་ཤོས་དང་སྤྱིའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་མཐོ་ཤོས་ཀྱི་ནང་མཁོའི་གློག་ཁུངས་རྣམ་གྲངས་ཤིག་རེད།
     གཙང་པོ་དང་ཆུ་བོ་གང་སར་ཁྱབ་པ་དང་ཉི་འོད་རབ་ཏུ་འཕྲོ་བས་བོད་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱིས་བོད་ཀྱི་བསྡོམས་འབོར་གྱི་བཅུ་ཆ་དགུ་ཙམ་བཟུང་ཡོད། “ལྗང་མདོག་གློག་ཤུགས”ཀྱིས་བོད་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ་མ་ཟད། ད་ཆ་ས་མཐོ་ནས་རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་གློག་མཁོ་འདོན་བྱེད་ཀྱི་ཡོད།
     སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་ཞིང་། ས་ཁོངས་ཀྱི་བཅུ་ཆ་བདུན་ནི་གསར་སྤེལ་ཚོད་འཛིན་དང་བཀག་སྡོམ་ཁུལ་རེད། བོད་ཀྱིས་སྐྱེ་ཁམས་ཀྱི་མཐའ་ཚད་ནན་པོ་བསྲུངས་ནས“ལྗང་མདོག་ལམ་བུའི”ཐོག་བསྐྱོད་དེ་བྱས་རྗེས་བཞག་པས། ཉེ་བའི་ལོ་ཤས་རིང་ལྗང་མདོག་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་གངས་ལྗོངས་ས་མཐོར་ལྗང་མདོག་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།
     བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ལྗང་མདོག་བཟོ་ལས་སོགས་ཐོན་ལས་ཆེན་པོ་བདུན་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་པ་དང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་། ཁྱད་ཆོས་མངོན་གསལ་དོད་པ། ལེགས་ཆ་མངོན་གསལ་དོད་པ། རྒྱུན་མཐུད་འཕེལ་རྒྱས་ཆོག་པ་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་བཞིན་ཡོད།
     དྲ་འབོད་རླངས་འཁོར་བསྡད་དེ་ལྷ་སར་སྐྱོད་སྐབས་བོད་རིགས་ཁ་ལོ་བ་ཞུས་ཏུང་དང་ངོ་ཤེས་བྱུང་། ཁོང་གིས“སྔོན་ཆད་ཕ་མ་གཉིས་པོ་དཔུང་སྡེར་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞབས་འདེགས་ཞུ་མྱོང་བས། ང་དཔུང་སྡེའི་དམག་སྒར་དུ་སྐྱེས་པ་དང་བཅིངས་འགྲོལ་དམག་གི་འཐབ་འཛིང་པས་ངར་རྒྱ་རིགས་ཀྱི་མིང་འདི་བཏགས་བྱུང”ཞེས་བརྗོད་པ་དང་། འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་བོད་རིགས་ཀྱི་ཕོ་གཞོན་དེས་སྐད་ཤུགས་ཆེན་པོས“ང་ཚོའི་རྒྱབ་ཕྱོགས་སུ‘ཀྲུང་གོ’ཞེས་པའི་ཡིག་འབྲུ་གཉིས་ཡོད། དེ་གཉིས་ཡོད་ཚེ་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་ངེས་རེད”ཅེས་བརྗོད་བྱུང་།
     ཁོང་གིས་སླར་ཡང“གླུ་ཞིག་བླངས་ནས་ཏང་ལ་ཕུལ། ཏང་ནི་ང་ཡི་སྐྱེད་མ་ལས་ཀྱང་ལྷག སྐྱེད་མས་ང་རང་སྐྱེས་གྱུར་ཀྱང་། ཏང་གི་འོད་ཟེར་ང་ཡི་སེམས་ལ་འཕྲོས”ཞེས་པའི་རྒྱུས་མངའ་ཆེ་བའི་གླུ་གཞས་བླངས་སོང་།