འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་11ཉིན།

༄༅།།བོད་ལྗོངས་ཀྱི་འགྲན་བསྡུར་འདི་གནས་སྐབས་སྤེལ་མཚམས་འཇོག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་11ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས། 2021ལོའི་མཚོ་སྐོར་རྐང་འཁོར་གྱི་ཡོངས་བསྒྲགས་འགྲན་བསྡུར་གཉེར་བའི་དུས་ཚོད་གནས་སྐབས་ནར་འགྱངས་གཏོང་རྒྱུའི་ཐག་བཅད། ཞིབ་ཕྲའི་ནང་དོན་གཤམ་གསལ།
གུས་པར་འོས་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣར་ཞུ་རྒྱུ།
     རྣམ་པ་ལྷན་རྒྱས་ཀྱིས་ལོ་འདི་དག་གི་རིང་ལ་ང་ཚོའི་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རང་སྐྱོང་ལྗོངས་དམངས་ཡོངས་ཀྱི་ལུས་སྦྱོང་ལས་དོན་མཉམ་འབྲེལ་ཚོགས་འདུའི་གཞུང་དོན་ཁང་གི《ལུས་རྩལ་འགྲན་བསྡུར་བྱེད་སྒོའི་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་འཛུགས་མཉམ་འབྲེལ་གཞུང་དོན་ཁང་[2021]ཡིག་ཨང་2པ)ཡིག་ཆའི་ནང“རྐང་འཁོར་བྱེས་བགྲོད་སོགས་ཀྱི་འགྲན་བསྡུར་གནས་སྐབས་མཚམས་འཇོག་རྒྱུའི་”འབྲེལ་ཡོད་བླང་བྱ་གཞིར་བཟུང་། དེའི་ཐོག་དེང་གི་དུས་མཚམས་སུ་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་ཞིག་ཡིན་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་བྱེད་སྒོ་མི་སྣའི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་བྱ་ཆེད། གྲོང་ཁྱེར་དེ་གས་2021ལོའི་མཚོ་སྐོར་རྐང་འཁོར་གྱི་ཡོངས་བསྒྲགས་འགྲན་བསྡུར་གཉེར་བའི་དུས་ཚོད་གནས་སྐབས་ནར་འགྱངས་གཏོང་རྒྱུ་དང་། འགྲན་བསྡུར་དུས་ཚོད་ལོགས་སུ་གཏན་འཁེལ་བྱ་རྒྱུ་ཡིན།
     ལྷན་རྒྱས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ལས་སྟབས་མི་བདེ་བ་བཟོས་པར་བསམ་ཤེས་གནང་རོགས་ཞུ་རྒྱུ་ཡིན།
                                                                                                                                                         ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས།
                                                                                                                                                             2021ལོའི་ཟླ་8ཚེས་6ཉིན་ཕབ།