འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་10ཉིན།

༄༅།།ནས་ཆང་དཀར་ཡོལ་གང་ལས་ས་མཐོའི་བརྩེ་སེམས་མཚོན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་10ཉིན། 18:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
      མི་དམངས་དྲ་བའི་འཕྲིན། དུས་སྟོན་དང་དུས་སྐབས་གལ་ཆེན་ཡིན་ཕྱིན་ཆང་ནི་བོད་ཀྱི་དུད་ཁྱིམ་ཚང་མས་གྲ་སྒྲིག་བྱེད་དགོས་པ་ཞིག་ཡིན་ཞིང་། ལོ་ངོ་ཁྲི་སྟོང་མང་པོའི་རིང་། ཆང་གི་རིག་གནས་བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
     ཆང་གི་ལོ་རྒྱུས་ཁུངས་འདེད་ན། ཤོད་རྒྱུན་ལ་ཐང་རྒྱལ་རབས་ཀྲེན་ཀོན་སྲིད་ལོ་བཅོ་ལྔ(སྤྱི་ལོ་641)ཡི་སྐབས་སུ། རྒྱ་བཟའ་ཀོང་ཇོ་བོད་དུ་བྱོན་པའི་ཚེ་སྔོན་ཐོན་གྱི་ཆང་སྙོལ་རྩལ་དང་ཆང་མ་ཁྲིད་དེ་སྔར་ཡོད་ཀྱི་ཆང་སྙོལ་རྩལ་ལེགས་སུ་བཏང་སྟེ་ཆང་གི་རིག་གནས་ཕུན་སུམ་ཚོགས་སུ་བཏང་ཡོད་སྐད།
     བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་བོད་རྙིང་པར། ཆང་ནི་སྐུ་དྲག་ཉུང་ཤས་ལ་མ་གཏོགས་སྤྱོད་དབང་མེད་པའི་བཏུང་བྱ་ཞིག་རེད།
     ད་ཆ་ཆང་གི་དྲི་ཞིམ་མི་སེར་ཕལ་པའི་ཁྱིམ་ནས་འཐུལ་ཞིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་མི་སྐར་མས“ད་ཆ་འཚོ་བ་ཡག་ཏུ་སོང་བས་སྒོར་མོ་བཅུ་ཕྲག་གིས་བྲོ་བ་ཞིམ་པའི་ཆང་ཉོ་ཐུབ། ང་ཚོའི་ཁྱིམ་དུ་དུས་སྟོན་སྐབས་དངུལ་ཕོར་བཏོན་ནས་ཡས་སྒྲོན་བརྒྱབ་སྟེ་ཆེད་མངགས་ཆང་བླུག་གི་ཡོད”ཅེས་བཤད།
     འདི་ལོ་ལོ་51ལ་སླེབས་པའི་སྐར་མས་རང་ཡུལ་གྱི་ཆང་གི་འཕོ་འགྱུར་ལ་དཔང་པོ་བྱེད་ཐུབ། ཚོང་རྟགས་མེད་པའི་འགྱིག་དམ་དཀར་པོའི་ནང་བླུག་པ་ནས་ལྕགས་ཀྲིན་ཚོན་ལྡན་ནང་བླུག་པ་དང་། སྲོལ་རྒྱུན་གྱི་ནས་ཆང་ནས་ནས་ཀྱི་སྦི་རག་བར། ཆང་ལའང་དུས་བསྟུན་འཕེལ་རྒྱས་བཏང་ནས་སྣ་ཁ་གསར་པ་བཏོན་ཡོད།
     ལྷ་ས་རང་གི་ནས་ཞིབ་ཚགས་བསྙལ་བའི་སྦི་རག་ཨ་ཁུ་པད་མའི་སྲོལ་གཏོད་པ་དབང་ཕྱུག་འདི་ལོ་ལོ་37ལ་སླེབས་ཤིང་། ཁོང་སློབ་གྲྭ་ཆེ་མོ་འགྲིམ་སྐབས་ནས་ཞིབ་ཚགས་བསྙལ་བའི་སྦི་རག་རྒྱུས་ལོན་བྱེད་འགོ་ཚུགས་ཡོད། 2018ལོར་དབང་ཕྱུག་བོད་དུ་ལོག་ནས་ཨ་ཁུ་པད་མ་ཞེས་པའི་ཞིབ་ཚགས་བསྙལ་བའི་སྦི་རག་གི་སྤུས་རྟགས་བཏོད་ཡོད།
     “ནས་ཀྱིས་བསྙལ་བའི་ཆང་ནི་ཀྲུང་གོའི་ཆང་གི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲུབ་ཆ་ཞིག་རེད། ངས་ནས་ལ་དམིགས་བསལ་གྱི་དྲན་ཤེས་དང་བརྩེ་དུང་ཡོད”ཅེས་དབང་ཕྱུག་གིས་བཤད།
     ཆང་གི་རིག་གནས་ལས་ས་ཐག་རིང་པོ་ནས་སླེབས་པའི་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། ཧོ་པེ་ནས་སླེབས་པའི་ཕོ་གཞོན་ཀོ་ཅང་ནི་བོད་དུ་ལས་ཀ་དང་འཚོ་བ་བསྐྱལ་ནས་ལོ་11ཙམ་སོང་ཞིང་། ཁོང་གིས“ང་བོད་དུ་ཐེངས་དང་པོ་སླེབས་དུས་ཆང་གི་བྲོ་བ་མྱངས་པ་ཡིན། བྲོ་བ་ཞིམ་པོ་དེ་འདྲ་ངས་བརྗེད་པར་དཀའ། ད་ཆ་ངས་བོད་ཁོ་ནར་མ་གཏོགས་མེད་པའི་ནས་ཀྱི་ཝི་སི་ཀེ་གསར་གཏོད་བྱེད་འདོད་འདུག”ཅེས་བཤད།
     2019ལོར། ཀོའོ་ཅང་གིས་ལྷ་ས་ནཱ་ཕུའུ་རུའུ་ཅིན་ནས་ཆང་ཚད་ཡོད་ཀུང་སི་བཙུགས།
     ནས་ཆང་ལས་ད་དུང་མི་ཁག་གཅིག་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་ཐུབ་ཅིང་། བོད་ལྗོངས་གནམ་ས་ལྗང་མདོག་བཏུང་བྱ་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཙོ་བོ་བོད་ཀྱི་ནས་ཀྱི་སྦི་རག་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ཀུང་སི་བཙུགས་ནས་ལོ་12སོང་རིང་། ཐོན་སྐྱེད་བྱས་པའི་ནས་ཀྱི་སྦི་རག་བོད་དུ་འཚོང་བ་མ་ཟད། ད་དུང་དྲ་ཐོག་ནས་ཞིང་ཆེན་གཞན་དག་ཏུའང་བཙོངས་པར་ཁྲོམ་རའི་ཐོག་གདེང་འཇོག་བཟང་པོ་ཐོབ་ཡོད། ཀུང་སི་དེའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ནོར་བུ་ཚེ་རིང་གིས། ཀུང་སིས་ཆ་སྙོམས་ལོ་ལྟར་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ནས་ཏུན་1000ཉོས་པར་ཞིང་པར་འབབ་འཕར་སྒོར་ཁྲི་80ལྷག་ཙམ་ཡོང་གི་ཡོད་ཅེས་བཤད།