འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་8ཉིན།

༄༅།།བོད་ལྗོངས་ཀྱི་ལྕགས་ལམ་རྒྱུད་དུ་ཐོན་ལས་ཁུལ་མང་པོ་དར་རྒྱས་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་08ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གཡུ་འབྲུག་འཁྱུག་པ་བཞིན་གྱི་ལྕགས་ལམ་གྱིས“འཛམ་གླིང་ཡང་རྩེའི”རི་མཐོ་གྲོག་རོང་དག་གཅིག་ཏུ་སྦྲེལ་ཏེ། སྐམ་སའི་སྐྱེལ་འདྲེན་གྱི་ཞན་ཆ་གསབ་པས་སྐྱེལ་འདྲེན་གྱི་ཤར་གཏོང་རང་བཞིན་དང་བརྟན་པོའི་རང་བཞིན་ཆེ་རུ་ཕྱིན་ཞིང་། ཉེ་བའི་ལོ་ཤས་རིང་ལྕགས་ལམ་འདི་ཉིད་བོད་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ཡོད།
     འདི་ལོའི་ཟླ་6པར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྐྲུན་ཟིན་ནས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཆ་ཚང་ལ་ཤར་གཏོང་ཐུབ་པ་དང་། 2014ལོར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ། 2006ལོར་མཚོ་བོད་ལྕགས་ལམ་ཧྲིལ་པོ་བསྐྲུན་ཟིན་ནས་མེ་འཁོར་ལྷ་སར་ཐོག་མར་ཤར་གཏོང་ཐུབ་ཅིང་། ད་ཆ་ལྕགས་ལམ་ལྷ་ས་དང་། ནག་ཆུ། གཞིས་རྩེ། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་5ལ་ཤར་གཏོང་ཐུབ་ཡོད།
     ཉེ་ཆར་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་ཀྱི་ཧྭ་ཧྥ(ཉིང་ཁྲི)ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་ནས། དུས་ཐེངས་དང་པོའི་རྣམ་གྲངས་ཁྲོད་ཀྱི་ཐོན་ལས་ཞབས་ཞུའི་ལྟེ་གནས་དང་ཉོ་ཚོང་ལྟེ་གནས་སོགས་ཀྱི་ལས་མཇུག་འགྲིལ་བ་མཐོང་བྱུང་། “རྣམ་གྲངས་དེས་ཐོན་རྫས་འགྲེམས་ཚོང་མ་ལག་དང་། མཛོད་འཇུག་ལས་སྣོན། གྲང་ཕྲེང་ཟོག་འགྲེམས་མ་ལག་སོགས་བསྐྲུན་ཏེ། རྒྱལ་ཡོངས་སུ་ཁྱབ་པའི་ཡུལ་ཟོག་དང་བོད་སྨན་གྱི་རྒྱུ་ཆ་ཚོང་དོན་ཟོག་འགྲེམས་དང་བསྡུ་འགྲེམས་ཀྱི་ལྟེ་གནས་ཤིག་འཆར་འགོད་བྱས་ནས་གྲུབ་པ་བྱ་རྒྱུ་རེད”ཅེས་དང“འདི་ལོ་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་འབྱུང་འགྱུར་གྱི་འཕེལ་རྒྱས་མདུན་ལམ་དེ་བས་ལེགས་སུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ཅེས་བོད་ལྗོངས་ཧྭ་ཧྲེང་ཟོག་འགྲེམས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་བསྟར་ཏུང་ཧྲི་ཝུའུ་ཁྲའོ་ཡིས་བཤད་བྱུང་།
     འདི་ལོའི་ཟླ་4པར་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡོད་པའི་ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་དུ་རྣམ་གྲངས་11ལ་གཅིག་སྡུད་ཐོག་མིང་རྟགས་ཐེངས་དང་པོ་བཀོད་ཡོད།
     ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་དང་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིའུ་ཀོང་མིང་གིས“ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་ནི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཤིག་རེད། གླིང་ཁུལ་དང་ཉིང་ལྷ་རིམ་མཐོའི་གཞུང་ལམ་ཐད་ཀར་འབྲེལ་ཡོད་པ་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་དབར་བར་ཐག་སྤྱི་ལེ་40ཙམ་ལས་མེད་པའི་ཁར། འདི་ལོ་ལྷ་ཉིང་ལྕགས་ལམ་ཡང་ཤར་གཏོང་ཐུབ་ཡོད། ལྕགས་ལམ་དང་གཞུང་ལམ་གཉིས་ཀ་ཡོད་པར་བརྟེན་ཐོན་ལས་འཕེལ་རྒྱས་ཀྱི་མ་གནས་མངོན་གསལ་དོད་པོས་དམའ་རུ་འགྲོ་རྒྱུ་རེད”ཅེས་བཤད་བྱུང་།
     གསར་དར་ཐོན་ལས་ཆར་རྗེས་མྱུ་གུ་རྒྱས་པ་ལྟར་ཐོན་ཞིང་། བོད་ཀྱི་སྲོལ་རྒྱུན་ཐོན་ལས་ལའང་ལྕགས་ལམ་ལས་བྱུང་བའི་ཕན་པ་ཐོབ་དང་འཐོབ་བཞིན་ཡོད།
     གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ཡོད་པའི་བོད་ལྗོངས་བདུད་རྩི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ཐང་ག་འབྲི་བཞེངས་དང་བྲིན་ཚོང་གཙོ་བོར་བྱེད་པའི་ཀུང་སི་ཞིག་ཡིན་ཞིང་། ས་གནས་དེ་གར་སྐད་གྲགས་ཆེ་ཙམ་ཡོད། “ང་ཚོས་ལོ་ལྟར་ས་ཆ་གཞན་ནས་རྡོ་ཚོན་དང་ཤིང་ཆ་སོགས་འབོར་ཆེན་ཉོ་སྒྲུབ་བྱེད་ཀྱི་ཡོད། ལྷ་གཞིས་ལྕགས་ལམ་2014ལོར་ཤར་གཏོང་ཐུབ་རྗེས་རྒྱུ་ཆའི་མ་གནས་ཧ་ཅང་དམའ་རུ་ཕྱིན་སོང་། དེ་སྔོན་ལྷ་སར་ཐེངས་གཅིག་སྐྱོད་པར་རང་ཉིད་ཀྱི་རླངས་འཁོར་བཏང་ན་ཆུ་ཚོད་6ལྷག་ཙམ་འགོར་རུང་། ད་ཆ་མེ་འཁོར་ལ་བསྡད་ན་ཆུ་ཚོད་2དང་ཕྱེད་ཀ་ལས་འགོར་གྱི་མི་འདུག”ཅེས་སྤྱི་ཁྱབ་ཅིང་ལི་བློ་བཟང་བསྟན་དར་གྱིས་བཤད་བྱུང་།
     ལྕགས་ལམ་ལས་མི་རིགས་ལག་ཤེས་བཟོ་ལས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་ཕུད། བོད་བྱང་ཐང་གི་འབྲོག་པ་ཁག་གཅིག་དང་ལྷ་སའི་གྲོང་འདབས་ཀྱི་ཞིང་པ་མི་ཉུང་བ་ཞིག་ཀྱང་ལྕགས་ལམ་ཟོག་འདྲེན་གྱི་ཐོན་ལས་བཟོ་པར་གྱུར་ཡོད།
     “མཚོ་བོད་ལྕགས་ལམ་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དང་གཉེར་སྐྱོང་བྱས་ནས་ལོ་15སོང་རིང་། ཁེ་ལས་དེ་བས་མང་བས་སྐྱེལ་འདྲེན་བྱེད་འབོར་མང་བ་དང་མ་གནས་དམའ་བའི་ལྕགས་ལམ་གྱི་ལེགས་ཆར་བརྟེན་ནས། ས་གནས་ཁག་གི་ཚོང་ཟོག་བོད་དུ་དབོར་བ་མ་ཟད། ས་མཐོའི་ཁྱད་ལྡན་ཚོང་ཟོག་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལའང་ཁྱབ་གདལ་གཏོང་བཞིན་ཡོད”ལྷ་སའི་མེ་འཁོར་བབས་ཚུགས་ནུབ་མར་ལས་ཀ་བྱས་ནས་ལོ་12སོང་བའི་ཆིན་ཅིན་ཡོན་ནི་ལྕགས་ལམ་ཟོག་འདྲེན་འཕེལ་རྒྱས་ཀྱི་དཔང་པོ་ཞིག་རེད།
     ལྕགས་ལམ་གྱིས་ད་དུང་བོད་ཀྱི་སྲོལ་རྒྱུན་ཞིང་ལས་ལའང་གོ་སྐབས་གསར་པ་སྦྱིན་ཞིང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་ཆགས་པའི་ལོ་ངོ་སྟོང་གི་སྟར་ཁའི་ནགས་ཚལ་ལ་འདི་ལོ་ནས་བཟུང་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་འགྲོ་འགོ་ཚུགས་རྒྱུ་རེད།
     ཟླ་7ཚེས་8ཉིན་འབྲི་ཆུ་སློབ་ཆེན་བོད་ལྗོངས་ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་སུའོ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་ཀླུང་པ་གྲོང་ཚོར་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་ཤིང་། མི་20ཙམ་ལས་གྲུབ་པའི་ཞིབ་འཇུག་ཚོགས་པས་ས་གནས་དེ་གའི་སྟར་ཁའི་ཐོན་ལས་ཀྱི་སྡོང་ཕྲུག་འདེམས་གསོ་དང་སྦྱར་ག་སྤྲོད་པ་སོགས་ཀྱི་ཚན་རྩལ་ཞབས་འདེགས་ཞུ་རྒྱུ་རེད། འབྲི་ཆུ་སློབ་ཆེན་གྱི་དགེ་རྒན་ལིའུ་ལི་ཕིང་གིས་འབུམ་རམས་པ་ཚོགས་པས་རྒྱ་ཚ་རུ་ཟླ་4ལྷག་ཙམ་ལས་ཀ་བྱས་ཏེ། སྟར་ཁའི་ཐོན་ཁུངས་ཁྱབ་ཚུལ་དང་ནད་དང་གནོད་འབུའི་གནོད་འཚེ་སོགས་ལ་ཞིབ་འཇུག་བྱ་རྒྱུ་རེད།
     “ང་ཚོས་ཁྲོམ་ཞུགས་ཁེ་ལས་ཏེ་ཨན་ཆི་སྐྱུར་རྩི་ཀུང་སི་ནང་འདྲེན་བྱས་ཁར། ས་གནས་དེ་གའི་སྟར་ཁའི་སྣེ་འདྲེན་ཁེ་ལས་དང་མཉམ་ལས་བྱས་ཏེ། སྟར་སྣུམ་ཐོན་སྐྱེད་བཟོ་རྩལ་ལེགས་སུ་གཏོང་རྒྱུ་མ་ཟད། ལྕགས་ལམ་དང་མཁའ་འགྲུལ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོར་ཞུགས་ཐུབ་པ་བྱ་རྒྱུ་ཡིན”ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་རྒྱ་ཚ་རྫོང་གི་རྫོང་དཔོན་གཞོན་པ་ཀའོ་ཏ་ཆོན་གྱིས་ང་ཚོས་སྟར་ཁའི་ཐའེ་རྒྱུ་དང་སྟར་ཁའི་སྤྲི་དཀར་སོགས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་གྲུབ་འབྲས་ཐོབ་པའི་ངང་གསར་སྤེལ་བྱས་ཏེ། ཟུར་སྣོན་རིན་ཐང་དེ་བས་མཐོ་བའི་ཐོན་རྫས་ལ་བརྟེན་ནས་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་བྱ་རྒྱུ་ཡིན་ཞེས་བཤད།
     ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས་ལྡན་པའི་བོད་ལྗོངས་ལ“སའི་གོ་ལའི་གླིང་སྣེ་གསུམ་པ”ཞེས་བརྗོད་སྲོལ་ཡོད་ལ་ཡུལ་སྐོར་གནས་མཆོག་ཅིག་ཀྱང་རེད། མིག་སྔར་ཡུལ་སྐོར་ལས་རིགས་དེ་བོད་ལྗོངས་ཀྱི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད། ད་ཆ་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ཕྱུག་འགྱུར་གྱི“སྒུལ་ཤུགས་གསར་པར”འགྱུར་བཞིན་ཡོད།