འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་8ཉིན།

༄༅།།བོད་ལྗོངས་ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་ཆགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་08ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ནི་མཛེས་སྡུག་ལྡན་པའི་ཡུལ་ལུང་ཞིག་ཡིན་ཞིང་། དེའི་མཛེས་སྡུག་ནི་ལྗང་མདོག་འཕེལ་རྒྱས་ཀྱི་གཞི་རྩ་རེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཁྲིད་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པས། སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་དང་སྐྱེ་ཁམས་ཀྱི་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།
     བོད་ལྗོངས་ཉིང་ཁྲིར“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་བརྗོད་ཅིང་། དེ་གར་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡོད་ལ་གནམ་གཤིས་ཀྱང་ཚ་གྲང་སྙོམས་པས་རྒྱལ་ཡོངས་ས་གནས་ཁག་ནས་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད།
     བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་གྲོང་མིས་དེ་སྔ་རི་སྟེང་གི་ནགས་ཤིང་བཅད་ནས་བཙོངས་ཏེ་འཚོ་བའི་ཁ་གསབ་བྱེད་ཀྱི་ཡོད། 2005ལོར་ས་གནས་དེ་གའི་སྲིད་གཞུང་སྡེ་ཚན་གྱིས“ཤིང་གཅོད་མི་ཆོག་པའི་བཀའ་རྒྱ”བཀྲམ་ཡོད། ལོ་བཅུ་ཕྲག་རིང་སྲིད་གཞུང་སྡེ་ཚན་གྱིས་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཞིང་འབྲོག་པའི་སྡོད་ཁང་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱས་པ་དང་ས་གནས་དེ་གའི་སྐྱེ་ཁམས་ཡུལ་སྐོར་གྱི་རྨང་གཞི་བརྟན་དུ་བཏང་བས། ས་གནས་དེ་གའི་གྲོང་མི་རྣམས་ལྗོན་ཤིང་འཛུགས་མཁན་ལ་གྱུར་ཡོད་ལ་སྐྱེ་ཁམས་དེའང་ལྟོ་རྟེན་དུ་གྱུར་ཡོད། 
     བྱེ་པ་གྲོང་ཚོའི་གྲོང་མི་བསོད་ནམས་སྒྲོལ་དཀར་གྱིས་གཉེར་བའི་ཁྱིམ་ཚང་མགྲོན་ཁང་ནི་གྲོང་ཚོ་དེའི་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་ཡིན་ཞིང་། དང་ཐོག་ཤིང་ཁང་ཆུང་ཆུང་ཞིག་ལས་མེད། 2010ལོར་ས་གནས་དེ་གའི་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མགྲོན་ཁང་གི་གཞི་ཁྱོན་ཆེ་རུ་བཏང་ཞིང་། མིག་སྔར་ཁོང་ལ་ཁྱིམ་ཚང་མགྲོན་ཁང་གཉིས་ཡོད།
     “སྐྱེ་ཁམས་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཡུལ་སྐོར་བའང་ཇེ་མང་དུ་སོང་བས་ཡོང་འབབ་སྔོན་མ་ལས་མང་དུ་ཕྱིན་འདུག ན་ནིང་ཁྱིམ་ཚང་མགྲོན་ཁང་ནས་ཡོང་འབབ་སྒོར་ཁྲི་བཅུ་གྲངས་བྱུང་། ངས་ད་དུང་དྲ་ཐོག་ཚོང་ཁང་ཞིག་བཙུགས་ནས་གྲོང་ཚོའི་ནང་གི་བོད་སྨན་རྒྱུ་ཆ་ཉོ་ནས་བཙོངས་པར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང”ཞེས་བསོད་ནམས་སྒྲོལ་དཀར་གྱིས་གསར་འགོད་པར་བཤད།
     སྐྱེ་ཁམས་ཡུལ་སྐོར་གྱིས་ས་གནས་དེ་གའི་གྲོང་མི་ཚོའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ལའང་གསོན་ཤུགས་བསྣན་ཡོད། ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་། སྤྲོ་གསེང་རི་གྲོང་། བེ་ཤ་ལས་སྣོན་བཟོ་གྲྭ གསོ་ཚགས་རྟེན་གཞི་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་སོང་ཡོད་ལ། གྲོང་མི་ཚོའི་འབབ་འཕར་གྱི་ཐབས་ལམ་ཡང་ཇེ་ཡངས་སུ་སོང་ཡོད།
     གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཉིང་ཁྲིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་ཁུལ་ཁོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཡུལ་སྐོར་བ་མི་ཐེངས་ཁྲི་3200ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་240ལྷག་ཙམ་བྱུང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.3དང་ལྡབ་2.5སོ་སོ་རེད།
     བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། རིམ་རྩིས་བྱས་ན་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་814བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་ཡོད། བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་བོད་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་གྱུར་ནས། མི་སེར་ཚོའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ཐེབས་དང་ཐེབས་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།