འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་6ཉིན།

༄༅།།སྔོ་ཞིང་དྭངས་པའི་རི་ཆུ་བཟང་། གྲོང་གསེབ་དར་རྒྱས་གཏོང་བར་འབད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་06ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་མིང་སེ་དང་། ཧའུ་ལུའུ་ལུའུ། མི་དམངས་དྲ་བའི་གསར་འགོད་པ། ཀན་ཧའེ་ཆུང་།
   ལྷ་ས་གྲོང་ཁྱེར་ནས་རླངས་འཁོར་བཏང་སྟེ་རི་ཆུའི་བར་གསེང་གི་གྱ་གྱུའི་ལམ་ནས་བྱང་ཕྱོགས་སུ་བསྐྱོད་ན་བོད་དབུས་སྐྱིད་ཆུའི་སྟོད་རྒྱུད་དང་འཕན་པོའི་ཆུ་བོ་རྒྱུག་ཁོངས་སུ་གནས་པའི་ལྷུན་གྲུབ་རྫོང་དུ་འབྱོར།
    རྫོང་གྲོང་བྱང་ངོས་ཀྱི་ཐང་མགོ་ཤང་ལ། ལོ་འདི་དག་རིང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཕྲད་ཅིང་། 2020ལོའི་ལོ་མཇུག་ཏུ། ཞིང་ཆེན་ལམ་303དང་རྒྱལ་ལམ་561ལ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པས། དེ་སྔ་ལྷ་ས་གྲོང་ཁུལ་ནས་རླངས་འཁོར་ལ་བསྡད་དེ་དེ་ག་བར་ཆུ་ཚོད་བཞི་ལྔ་ཙམ་འགོར་གྱི་ཡོད་པ་ད་ཆ་ཆུ་ཚོད་གཉིས་དང་ཕྱེད་ཀ་ལས་འགོར་གྱི་མེད།
    འདི་ལོའི་ཟླ་4པར། ཅང་སུའུ་ཡི་བོད་སྐྱོར་ཆེད་དོན་མ་དངུལ་སྒོར་ཁྲི་2000བཏང་ནས་བསྐྲུན་པའི་ཐང་མགོ་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཞབས་ཞུའི་ལྟེ་གནས་དེ་རྭ་སྒྲེང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་འགྲམ་དུ་གནས་ཡོད་པ་དང་། དེར་སྲིད་གཞུང་གིས་མ་དངུལ་བཏང་ནས་བསྐྲུན་པའི་གསོལ་མགྲོན་ཁང་གི་རྣམ་གྲངས་ཡོད་པ་བསམ་ཕྱོགས་གསར་གཏོད་བྱས་ཏེ་ཁྲོམ་རའི་ཆེད་ལས་ཀུང་སིའི་ཚོགས་པར་གཉེར་སྐྱོང་བྱེད་པར་རྩིས་སྤྲད་ཡོད། “དྲ་སྦྲེལ་ལས་སྟེགས་སྤྱོད་འགོ་ཚུགས་ཚུན། འགྲུལ་རྒྱུན་སྔོན་དཔག་དང་འདྲ་པོ་འདུག་ལ་གཟའ་མཇུག་ཏུ་ཁང་པ་རྦད་དེ་ཁེངས་ཀྱི་འདུག”ཅེས་གསོལ་མགྲོན་ཁང་གི་ཅིང་ལི་རྒྱ་མཚོས་བཤད། གསོལ་མགྲོན་ཁང་གིས་ད་དུང་ཐང་མགོ་ཤང་རང་གི་སློབ་ཆེན་སློབ་ཐོན་སློབ་མ་4དང་ཞིང་འབྲོག་པ་3བསྡུས་ཡོད། གཡུ་སྐྱིད་ནི་དེའི་གྲས་ཀྱི་ཞིང་འབྲོག་པ་ཞིག་ཡིན་པ་དང་། དེ་སྔ་ཁོ་མོར་ཡོང་འབབ་བརྟན་པོ་མེད་ཀྱང་། འདི་ལོའི་ཟླ་5པ་ནས་བཟུང་གསོལ་མགྲོན་ཁང་དུ་ལས་ཀ་བྱས་པས་ཟླ་རེར་གླ་ཆ་སྒོར་4500ཡས་མས་ཟིན་གྱི་ཡོད། “ཟླ་གཉིས་ཀྱི་གླ་ཆ་རག་བྱུང་། ཚང་མ་བསགས་ནས་བཞག་ཡོད། ཉིན་ལྟར་ཁྱིམ་ནས་གསོལ་མགྲོན་ཁང་བར་སྐར་མ་10ལས་འགྲོ་དགོས་མེད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་གཡུ་སྐྱིད་ཀྱིས་ལས་ཀ་དེར་ཧ་ཅང་མོས་བཞིན་དུ་བཤད།
    རི་ལྡེབས་ནས་དལ་གྱིས་བབས་ན་ཆུ་མཛོད་ཅིག་མིག་ལམ་དུ་མངོན་པ་དེ་ནི་བོད་ཀྱི་ཤོང་ཚད་ཆེ་ཤོས་ཀྱི་ཆུ་བེད་ལས་གྲྭ་སྟེ། ཕུ་མདོ་ཆུ་བེད་ལྟེ་གནས་རེད། རྣམ་གྲངས་དེ་ནི་ལྷུན་གྲུབ་རྫོང་ཕུ་མདོ་ཤང་དུ་ཆགས་པས་ས་མིང་ཆུ་མཛོད་ལ་བཏགས་པ་རེད། 2009ལོའི་ཟླ་7པར། རྣམ་གྲངས་ལས་འགོ་བཙུགས་ནས་བསྐྲུན་པ་དང་། དང་ཐོག་མའི་འཆར་འགོད་ལ་བསྡོམས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་45.69གཏོང་བའི་མཆན་བཀོད་བཀའ་ལན་ཐོབ་ཡོད། ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དེ་བས་ལེགས་པ་དང་མི་སེར་གྱི་ཡོང་འབབ་སྔར་བས་མང་དུ་གཏོང་ཆེད། ཕུ་མདོ་ལས་གྲྭས་ཞིང་འབྲོག་པ་ལས་གྲྭ་འཛུགས་སྐྲུན་ལ་བཅུག་པ་དང་གནས་སྤོས་མང་ཚོགས་ཀྱི་དུད་ཚང་དབུལ་པོར་ཁང་པ་བསྐྲུན་པའི་ཁ་གསབ་སྤྲོད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རིམ་རྩིས་བྱས་ན་ཡུལ་དེ་གའི་མི་སེར་ལ་ཡོང་འབབ་སྒོར་དུང་ཕྱུར་1ཙམ་རག་ཡོད། དེ་ཙམ་མ་ཟད། ད་དུང་ཁོངས་གཏོགས་ཀྱི་ཕུ་མདོ་གློག་གཏོང་ཚད་ཡོད་ཀུང་སིས་ཀྱང་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་26ཟ་ཁང་དང་། གཙང་སྦྲ། བདེ་སྲུང་བཅས་ཀྱི་ལས་ཀར་བསྡུས་པ་རེད།
    མིག་སྔའི་བར། ཕུ་མདོ་ཆུ་བེད་ལྟེ་གནས་ཀྱི་ཆུ་འདྲེན་དང་། གློག་གཏོང་། འབྲུབ་འགོག ཆུ་མཁོ་འདོན་བཅས་ཚང་མ་སྤྱོད་འགོ་ཚུགས་ཡོད། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་12.3ཟིན་པ་དང་ཇུས་འགོད་ལྟར་ན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་65.28ཟིན་ནས་ལོ་ལྟར་འཕན་པོའི་ཆུ་འདྲེན་ཁུལ་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་9470ཙམ་འདྲེན་གྱི་ཡོད། ཕུ་མདོ་ཆུ་ཤུགས་གློག་ཁང་ལ་ཆུ་འཁོར་གློག་འདོན་འཕྲུལ་ཆས་བཞི་བསྒར་ཡོད་པ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་16ཟིན་པ་དང་། ལོ་རེར་ཇུས་འགོད་ལྟར་ན་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་5.99ཟིན་ནས་བོད་དབུས་གློག་དྲར་དགུན་དུས་ཁྲའེ་ཡིའུ་སྣུམ་སྤྱད་དེ་གློག་གཏོང་བའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་བོད་དབུས་གློག་དྲའི་མཁོ་སྤྲོད་ཀྱི་འགལ་བ་ཞི་ལྷོད་དུ་ནུས་ལྡན་སོང་ཡོད། ཆུ་མཛོད་ནས་སྙོམས་སྒྲིག་བྱས་པ་བརྒྱུད་སྐྱིད་ཆུའི་ཆུ་ལོག་སྔོན་འགོག་བྱེད་ནུས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།
    ལྷུན་གྲུབ་རྫོང་གྲོང་ནས་བར་ཐག་སྤྱི་ལེ་15ཙམ་གྱིས་ཆོད་པའི་གསུམ་འཕྲེང་ཤང་གི་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ལས་ཐོན་ལས་དཔེ་སྟོན་གླིང་དུ་ཐོན་སྐྱེད་ལས་ལ་བྲེལ་བཞིན་མཆིས། གླིང་དེ་ནི་ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་སྐྲུན་རོགས་བྱས་པ་དང་། བསྡོམས་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་2019ལོའི་ཟླ་2པར་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ལྷུན་གྲུབ་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཧྥ་ཧྲུའུ་ཡིས་གླིང་དེའི་ཤར་ཁུལ་ལ་ད་ལྟ་ལག་ཡོད་འབྲི་གཡག་མགོ་གྲངས་2931ཡོད་པ་དེ་དག་བོད་རང་སྐྱོང་ལྗོངས་སུ་གཞི་ཁྱོན་ཆེ་ཤོས་ཀྱི་འབྲི་གཡག་གསོ་སྤེལ་རྟེན་གཞི་ཞིག་ཡིན་པ་དང་། ནུབ་ཁུལ་དུ་གཙོ་བོ་བཞོན་མ་གསོ་ཚགས་དང་། འབྲི་གཡག་སྡོམ་གསོ། གཟན་རྩྭ་གཟན་ཆག་ལས་སྣོན་བཅས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
   གསོ་སྤེལ་རྟེན་གཞིར་སྐྱོད་སྐབས། རྒྱང་དུ་རི་བོ་མུ་དང་མུ་འབྲེལ་ཞིང་སྤང་རྩྭ་ལྗང་ཐིང་ངེར་སྐྱེས་པ་དང་། འཁྲིས་སུ་འབྲི་གཡག་མང་པོ་སོས་དལ་བབ་ཕེབས་ངང་གཟན་རྩྭ་ཟ་བཞིན་འདུག རྟེན་གཞིའི་ཚན་ཞིབ་ལས་དོན་གྱི་འགན་འཁུར་མཁན་ཚན་རྩལ་རྫོང་དཔོན་གཞོན་པ་ཀྲུའུ་ཡན་པིན་གྱིས“ཚན་རིག་དང་མཐུན་པའི་གསོ་ཚགས་དང་ཞིབ་ལས་ཅན་གྱི་དོ་དམ་སོགས་བརྒྱུད། ང་ཚོས་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ལ་བརྟེན་ནས་ཆ་སྙོམས་ལོ་7ཡན་ལ་གཞི་ནས་བཤས་བཏང་ནས་ལོ་3.5ལས་མ་འགོར་བར་བཤས་གཏོང་ཐུབ་པའི་ཡིད་ཆེས་ཡོད་ལ། བོད་ཀྱི་ས་ཆར་འཕྲོད་པའི་འབྲི་གཡག་གི་རྒྱུད་བཟང་གསོ་སྤེལ་བྱས་ནས་རིམ་བཞིན་ཞིང་འབྲོག་ཁུལ་ལ་གཡག་རྒྱུད་བཟང་དང་། འབྲི་རྒྱུད་བཟང་། བེའུ་བཅས་ཁྱབ་གདལ་གཏོང་ཐུབ་པའི་ཡིད་ཆེས་ཀྱང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
   གཡའ་དག་པའི་ནམ་མཁའ་དང་སྔོ་ཞིང་དྭངས་པའི་རི་ཆུའི་བར་གྱི་བོད་དབུས་ཀྱི་ས་གཞི་ཆེན་པོར་མི་སེར་ཚོས་འབད་འཐབ་ལྷོད་མེད་བྱས་ཏེ་གྲུབ་འབྲས་ཟམ་མི་ཆད་པར་གཏོད་པ་དང་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་དམིགས་ཚད་ཕྱོགས་སུ་སྙེག་བཞིན་ཡོད།