འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་6ཉིན།

༄༅།།བོད་ཀྱི་འབྱུང་འགྱུར་དེ་བས་ མཛེས་སྡུག་ལྡན་ངེས་རེད།

ང་ཕོད་བསྟན་འཛིན་འཇིགས་མེད་ཀྱིས་ཡབ་ང་ཕོད་ངག་དབང་འཇིགས་མེད་ནས་དངོས་སུ་བརྒྱུད་མྱོང་བའི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་གནས་ཚུལ་ཞིབ་ཕྲར་བརྩེ་བ་ཟབ་མོས་དྲན་གསོ་ཞུས་ཏེ་བརྗོད་དོན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་06ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། དབྱི་ཧྲུའུ་རན།
   “མེས་རྒྱལ་ཁྱིམ་ཚང་ཆེན་པོར་འཚོ་བ་བསྐྱལ་ཚེ་བོད་གཞི་ནས་འཕེལ་རྒྱས་ཡར་ཐོན་དང་མི་དམངས་གཞི་ནས་བདེ་སྐྱིད་ཁམས་བདེ་ཡོང་ཐུབ” འདི་ནི་བོད་གསར་རྙིང་གཉིས་ཀ་དངོས་སུ་བརྒྱུད་མྱོང་བའི་བདེན་དཔང་བ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་རྟག་ཏུ་གསུང་བའི་བཀའ་མོལ་ཞིག་རེད།
   ང་ཕོད་ངག་དབང་འཇིགས་མེད་ནི་1910ལོའི་ཟླ་2པར་བོད་ལྗོངས་ལྷ་སར་འཁྲུངས་པ་དང་། དེ་སྔ་བོད་ས་གནས་སྲིད་གཞུང་གི་ཆབ་མདོའི་འབྲུ་དཔོན་དང་། དམངས་དོན་ཁྲིམས་དཔོན། ཆབ་མདོའི་སྤྱི་ཁྱབ། བཀའ་བློན་བཅས་ཀྱི་འགན་བཞེས་མྱོང་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པ་དང་། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་གནང་མྱོང་ཡོད། ཁོང་གི་བུ་ང་ཕོད་བསྟན་འཛིན་འཇིགས་མེད་ཀྱིས“ངའི་པཱ་ལགས་ཀྱིས་རྟག་ཏུ་ང་ཚོ་ཕྲུ་གུ་ཚོར་མེས་རྒྱལ་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་ལ་འགན་འཁུར་བ་ཨང་དང་པོར་འཇོག་དགོས་པའི་བཀའ་སློབ་གནང་གི་ཡོད་ལ། པཱ་ལགས་ཀྱིས་ཀྱང་རང་དཔེ་གཞན་སྟོན་གནང་སྟེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ལངས་ཕྱོགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་གཅིག་སེམས་གཅིག་གཏད་དང་གཟི་བརྗིད་དང་བདེ་སྡུག་མཉམ་མྱོང་གནང་ཡོད”ཅེས་བརྗོད།
   1949ལོའི་ཟླ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་། བོད་ལ་བཅིངས་འགྲོལ་གཏོང་བ་ནི་མེས་རྒྱལ་སྐམ་ས་ཆེན་པོའི་མངའ་ཁོངས་བདག་དབང་ཆ་ཚང་གཅིག་གྱུར་བྱེད་པའི་འགག་རྩའི་གོམ་སྟབས་ཤིག་ཡིན་པས། གོམ་སྟབས་དེ་ངེས་པར་དུ་སྤོ་དགོས། འོན་ཀྱང་སྐབས་དེ་དུས་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱི་དཀྲུག་ཤིང་དང་ངན་སྐུལ་འོག་བོད་ས་གནས་སྲིད་གཞུང་གི་མཐོ་རིམ་ཁ་ཕྲལ་རིང་ལུགས་ཀྱི་ཤོག་ཁག་ཉུང་ཤས་ཤིག་གིས་བཅིངས་འགྲོལ་གཏོང་བར་བཀག་འགོག་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མངོན་སུམ་འཛེམ་མེད་ངང་སྤེལ་ཡོད། “ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་དེར་པཱ་ལགས་ཀྱིས་བོད་ཀྱི་གནད་དོན་ནི་ཀྲུང་གོའི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས། ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱས་ཚེ་གཞི་ནས་ཐག་གཅོད་བྱེད་ཐུབ་པར་བརྟེན་སྐུ་ཚབ་ཚོགས་པ་པེ་ཅིང་དུ་གྲོས་མོལ་བྱེད་པར་གཏོང་དགོས་ཞེས་བཏོན་གནང་བ་དང་། ཁོང་གིས་ཆབ་མདོའི་ཡུལ་དམག་སྟོང་ཕྲག་ཁ་ཤས་བསློགས་ནས། དམག་མི་མང་དུ་བཏང་ནས་དམག་གྲབས་བྱ་མི་ཆོག་པའི་བཀའ་བཏང་། ཆབ་མདོ་ས་ཁུལ་དུ་བཅིངས་འགྲོལ་གཏོང་སྐབས་ཁོང་གིས་དཔོན་རིགས་གཞན་དག་དང་མཉམ་དུ་བོད་ས་གནས་སྲིད་གཞུང་ལ་སྙན་ཞུ་ཐེངས་གཉིས་ཕུལ་ཏེ། བོད་ས་གནས་སྲིད་གཞུང་ལ་གང་མགྱོགས་སྐུ་ཚབ་ཚོགས་པ་མངགས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་གྲོས་མོལ་བྱེད་དགོས་པའི་གྲོས་འགོ་བཏོན་ཏེ་བོད་ཞི་བས་བཅིངས་འགྲོལ་གཏོང་བར་འབད་བརྩོན་ལྷོད་མེད་གནང་ཡོད”ཅེས་ང་ཕོད་བསྟན་འཛིན་འཇིགས་མེད་ཀྱིས་བརྗོད།
   1951ལོའི་ཟླ་2པར་ང་ཕོད་ངག་དབང་འཇིགས་མེད་བོད་ས་གནས་སྲིད་གཞུང་གིས་མངགས་པའི་དབང་ཆ་ཆ་ཚང་ཡོད་པའི་དབུ་ཞུགས་སྐུ་ཚབ་ཀྱི་ངོས་ནས་པེ་ཅིང་དུ་ཕེབས་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཞི་བའི་གྲོས་མོལ་གནང་། 1951ལོའི་ཟླ་5ཚེས་23ཉིན་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་བརྒྱུད་མཐར《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》བཞག་པ་རེད།
    ང་ཕོད་བསྟན་འཛིན་འཇིགས་མེད་ཀྱིས“པཱ་ལགས་ཀྱིས་ལོ་མང་རྗེས་སུ་ཞི་བའི་གྲོས་མོལ་དང་གྲོས་མཐུན་འཇོག་སྐབས་སོགས་ཀྱི་རྣམ་པར་དྲན་གསོ་འདི་ལྟར་གནང་བ་སྟེ། ‘བློ་མཐུན་ཏེང་ཞའོ་ཕིང་གིས་ཀྲུང་དབྱང་གིས་བོད་ལ་ལག་ལེན་བསྟར་བའི་མཛད་ཕྱོགས་དང་སྲིད་ཇུས་ལ་གསལ་འགྲེལ་ཞིབ་ཕྲ་གནང་བ་དེས་ང་ཚོའི་སེམས་ཁྲལ་བསལ་བ་དང་ཞི་བའི་གྲོས་མོལ་ལེགས་གྲུབ་ཡོང་བའི་གདེང་ཚོད་འཕེལ་བར་ནུས་པ་གལ་ཆེན་ཐོན་ཡོད། རྟེན་འབྲེལ་གསོལ་སྟོན་ལ་བློ་མཐུན་མའོ་ཙེ་ཏུང་སྐུ་ངོ་མས་གྲོས་མོལ་ལ་ཞུགས་མཁན་སྐུ་ཚབ་ཡོངས་ལ་མཇལ་འཕྲད་གནང་བ་མ་ཟད་བྱམས་བརྩེའི་ངང་བདེ་སྡུག་བཀའ་འདྲི་གནང་བ་དང་མཛའ་བརྩེའི་གླེང་མོལ་གནང་བྱུང’”ཞེས་བརྗོད།
    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ང་ཕོད་ངག་དབང་འཇིགས་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་གནང་སྟེ་བོད་ཀྱི་སྒྱུར་བཅོས་དང་འཛུགས་སྐྲུན་གྱི་བྱ་གཞག་ཁག་ལ་ཧུར་ཐག་ཞུགས་ཡོད། 1993ལོ་ནས་བཟུང་ང་ཕོད་ངག་དབང་འཇིགས་མེད་སྐབས་བཞི་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་རང་ཉིད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ནས་རང་རྒྱལ་གྱི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་དང་འཐུས་ཚང་ལ་ཚེ་གང་ལེཌ་སྐྱེས་ཕུལ་ཡོད།
   “བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཟོལ་མེད་ཀྱི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་མཐུན་སྒྲིལ་འབད་འཐབ་བརྒྱུད། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ང་ཕོད་བསྟན་འཛིན་འཇིགས་མེད་ཀྱིས་བརྗོད།