འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་5ཉིན།

༄༅།།གངས་ལྗོངས་ས་མཐོར་རེ་བའི་མེ་ཏོག་བཞད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་05ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    བརྗིད་ཆགས་ཡིད་དུ་འོང་བའི་བོད་ལྗོངས་སུ་སྐལ་བཟང་མེ་ཏོག་རབ་ཏུ་བཞད་ཅིང་། ལོ་མང་རིང་སློབ་གསོའི་བོད་སྐྱོར་ལས་དོན་པ་ཁག་དང་ཁག་གིས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་མུ་མཐུད་འབད་འཐབ་བྱས་ཏེ་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་ནས་ཤེས་བྱ་དང་བློ་གྲོས་གངས་ལྗོངས་ས་མཐོར་བརྒྱུད་སྤྲོད་བྱས།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་པ་བཅས་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས།
    སློབ་གསོ་ནི་དམངས་འཚོའི་རྩ་བ་ཡིན། རྣམ་པར་འགྱུར་ལྡོག་གཏོང་བར་རྩ་བ་སློབ་གསོར་བརྟེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་སློབ་གསོའི་རྗེས་ལུས་ཀྱི་རྣམ་པར་རྦད་དེ་འགྱུར་ལྡོག་གཏོང་ཆེད་སློབ་གསོའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། སློབ་ཁྲིད་ཀྱི་སྤུས་ཚད་ནས་སློབ་གསོའི་དོ་དམ་དང་། སློབ་གསོའི་དབུལ་སྐྱོར་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་། ཚོགས་སྒྲིག་རྣམ་པའི་ཆ་སྒྲིག་རོགས་སྐྱོར་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཁ་གཏད་རོགས་སྐྱོར་བཅས་བར། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་བོད་ཀྱིས་སློབ་ཞུགས་གོང་ནས་མཐོ་རིམ་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པའི“ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི”དེང་རབས་སློབ་གསོའི་མ་ལག་བསྐྲུན་ནས་སྦྱོང་དུས་སློབ་མཁན་ཡོད་པ་དང་མི་ཚང་མས་མཚར་སྡུག་ལྡན་པའི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།
    ས་གནས་དེ་གའི་སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྔོན་ཐོན་སློབ་གསོའི་འདུ་ཤེས་ཟབ་ཏུ་ཕྱིན་ནས་དོན་ཐོག་ཏུ་འཁྱོལ་བ།
    མུ་འབྲེལ་རི་ཚོགས་ཀྱིས་སློབ་མའི་མཐོང་རྒྱ་མི་སྒྲིབ་པ་དང་། བུ་རབས་ཚ་རྒྱུད་དབུལ་པོ་ཆགས་རྒྱུ་སེལ་བ། ཕྲུ་གུ་ཚོའི་རང་ངོས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་རོགས་བཅས་བྱ་རྒྱུ་ནི་སློབ་གསོའི་བོད་སྐྱོར་ལས་དོན་པ་ཁག་དང་ཁག་གི་སེམས་གཏིང་གི་འདུན་པ་དྲག་པོ་ཡིན།
     2013ལོའི་ལོ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་བཏང་བའི་རོགས་སྐྱོར་རེ་ཞུའི་ཡི་གེ་ཞིག་ལས་ཧྲང་ཧའེ་ཕུའུ་ཏུང་གི་སློབ་གསོའི་བོད་སྐྱོར་ལས་བྱེད་པ་འགའ་ཞིག་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཡི་གེའི་ནང“སློབ་ཁང་དང་ཉལ་ཁང་ནང་དྲོད་ལེན་སྒྲིག་ཆས་མེད་ལ་ཆུ་ཡང་ཐག་རིང་དུ་ལེན་པར་འགྲོ་དགོས་ཀྱི་ཡོད་ལ། ལོ་ལྟར་དགུན་ཁ་སླེབས་རིམ་བཞིན་ཆུ་གྲང་མོ་སྤྱོད་སྐབས་ལག་པ་འཁྱགས་སྦོས་ཐེབས་ཀྱི་འདུག་པས་ཨ་ཁུ་ལགས་དང་ཨ་ཅག་ལགས་ཚོས་ང་ཚོར་གྲང་འགོག་གྱོན་གོས་ཁག་གཅིག་རོགས་རམ་གནང་རོགས”ཞེས་འཁོད་ཡོད། ཡི་གེ་འབྲི་མཁན་ནི་སྐབས་དེ་དུས་རྒྱལ་རྩེ་རྫོང་ལྕང་ར་ཤང་སློབ་ཆུང་དུ་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་བུ་མོ་སྐལ་སྒྲོན་ཡིན་པ་རེད།
    ལོ་མང་པོ་སོང་རྗེས་དེ་སྔ་སྐལ་སྒྲོན་སློབ་སྦྱོང་བྱེད་ས་དང་འཚོ་བ་སྐྱེལ་སའི་ས་ཆ་ད་ཆ་རྣམ་པ་གསར་རྐྱང་དུ་གྱུར་པ་སྟེ། ཉལ་ཁང་ནང་གློག་གི་དྲོད་རླངས་ཡོད་པ་དང་། སློབ་ཁང་དུ་དེང་རབས་ཅན་གྱི་སློབ་ཁྲིད་གཞི་གཅིག་ཅན་གྱི་འཕྲུལ་ཆས་བསྒར་ཡོད་པ། རྒྱ་ཆེ་ལ་དཀར་ཆ་དོད་པའི་ཟ་ཁང་ནང་ཟས་ཞིམ་པ། ཕྲུ་གུ་ཚོའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་སོགས་ལ་ལྕང་ར་ཤང་སློབ་ཆུང་གི་སློབ་སྤྱི་སྤེན་དབང་གིས་དེང་བལྟས་སྔ་དྲན་བྱེད་བཞིན“ཁ་གཏད་རོགས་སྐྱོར་བྱས་པ་ལས་ལོ་ལྟར་སློབ་གྲྭར་རྣམ་གྲངས་གསར་པ་རག་ནས་སློབ་གཉེར་གྱི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཚོར་སྣང་ཟབ་མོས་བཤད།
    བོད་ཤར་རྒྱུད་ནས་མངའ་རིས་བར་སློབ་གསོའི་བོད་སྐྱོར་གྱིས་ས་གནས་དེ་གའི་སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་བཏང་བས་བོད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཆར་སློབ་གྲྭ་དག་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
   “ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་35བཏང་ནས་སློབ་གསོའི་བོད་སྐྱོར་རྣམ་གྲངས་461ལག་བསྟར་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་78གསར་སྐྲུན་དང་བསྒྱུར་བཀོད་རྒྱས་སྐྲུན་བྱས་ཡོད”བོད་ལྗོངས་སློབ་གསོ་ཐིང་སློབ་གསོ་རོགས་སྐྱོར་དང་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་སློབ་གྲྭའི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་2868ལག་ལེན་བསྟར་བ་དང་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་300ལྷག་ཙམ་ཆེ་རུ་ཕྱིན་ཡོད། བུ་བཅོལ་ཁང་1250གསར་དུ་སྐྲུན་པ་དང་ཤང་དང་གྲོང་རྡལ་རེར་ཉུང་མཐར་ཡང་གཞུང་བཙུགས་ལྟེ་བའི་བུ་བཅོལ་ཁང་1བསྐྲུན་ཡོད། ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་བདེ་འཇགས་འཐུང་ཆུའི་ལས་གྲྭ་དང་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་སློབ་གྲྭར་དྲོད་རླངས་མཁོ་འདོན་ལས་གྲྭ་སྤེལ་ནས་ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭ་700ལྷག་ཙམ་ལ་སྒྱུར་བཀོད་བྱས་ཡོད། ཤིན་ཏུ་དབུལ་བའི་ས་ཁུལ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ་བཀོད་སྒྲིག་བྱ་ཡུལ་བཅས་ཀྱི་སློབ་གྲྭའི་ལེ་ལག་འཐུས་སྒོ་ཚང་དུ་བཏང་བར་མ་དངུལ་སྒོར་དུང་ཕྱུར་78.3བཏང་བ་དང་རྣམ་གྲངས་2167འཛུགས་སྐྲུན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
   བོད་ཀྱི་སློབ་གསོའི་བྱ་གཞག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དེ་རྨང་གཞིའི་སྒྲིག་བཀོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་ལས་མངོན་པ་མ་ཟད། ད་དུང་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་འགན་ལེན་གང་ལེགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་མི་འདྲ་བར་འདྲ་མཉམ་གྱི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོད་པ། སྤྱི་ཡོངས་ཀྱི་སློབ་གསོའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་བཅས་ནས་ཀྱང་མངོན་ཡོད།
    ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ཛི་པ་གྲོང་ཚོའི་སྐལ་བཟང་ཆོས་སྒྲོན་གྱི་ཁྱིམ་ལ་ལོ་བདུན་བརྒྱད་གོང་གཏན་འཇགས་ཀྱི་ཡོང་འབབ་མེད་པས་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། མི་རིང་བའི་གོང་། སྐལ་བཟང་ཆོས་སྒྲོན་དར་མའི་མཐོ་རྒྱུགས་བརྒྱུད་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་ལྗོངས་སློབ་ཆེན་ནད་སྐྱོང་ཆེད་ལས་ལ་ཚུད་པས། རང་ཉིད་དང་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་རེ་བ་སྦྱིན།
    དེ་ནི་ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་དང་ཁ་འབྲལ་ཐབས་མེད། སྐལ་བཟང་ཆོས་སྒྲོན་འཚར་ལོངས་ཡོང་བར་རོགས་རམ་བྱ་ཆེད། ལོ་ཤས་གོང་ནས་བཟུང་བོད་སྐྱོར་རུ་ཁག་གི་དགེ་རྒན་ཚོས་ཟུར་ཁྲིད་ཚོགས་པ་བཙུགས་ནས་ལས་ཞོར་དུ་སློབ་སྦྱོང་གི་ཁ་ཕྱོགས་འཆར་འགོད་དང་། སློབ་སྦྱོང་གི་འཆར་གཞི་བཟོ་བ། སློབ་གཞིའི་ཟུར་ཁྲིད་གྲ་སྒྲིག རེས་མོས་ཀྱིས་སློབ་ཁྲིད་མཛུབ་ཁྲིད་བཅས་བྱས། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཞེས་པའི་དཔེ་ལྟར། སྐལ་བཟང་ཆོས་སྒྲོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ། “ངས་མུ་མཐུད་འབད་བརྩོན་བྱས་ཚེ། འཚོ་བ་སྔར་བས་ལེགས་སུ་འགྲོ་ངེས་རེད”ཅེས་བརྗོད།
    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤར་ཆུ་གྲོང་རྡལ་དཔེ་སྟོན་བུ་བཅོལ་ཁང་གི“90ནང་སྐྱེས”ཀྱི་དགེ་རྒན་རྡོ་རྗེ་གྲགས་པ་ཡང་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། ས་བབ་མཐོ་ཚད་སྨི་4350ཟིན་པ་དང་། དེ་ནི་ས་གནས་དེ་གས་བཙུགས་པའི་བུ་བཅོལ་ཁང་དང་པོ་དེ་རེད། “ང་ཚོས་བཙུགས་པའི་ཡིག་གཟུགས་དང་ཞབས་བྲོ་སོགས་ཀྱི་སློབ་ཚན་དེ་དག་རྫོང་གྲོང་ཡོངས་སུ་སྐད་གྲགས་ཆོད་ཡོད། སློབ་ཞུགས་གོང་གི་སློབ་གསོ་ནི་ཕྲུ་གུར་གོམས་གཤིས་འཇགས་པ་དང་འཇོན་ཐང་སྐྱེད་སྲིང་བྱེད་པའི་དུས་མཚམས་གལ་ཆེན་ཞིག་ཡིན་པས་སློབ་གསོའི་བོད་སྐྱོར་རྣམ་གྲངས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། སློབ་གསོའི་བོད་སྐྱོར་ལས་མ་དངུལ་བྱུང་བ་མ་ཟད། སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་ཀྱང་བྱུང་ཡོད”ཅེས་རྡོ་རྗེ་གྲགས་པས་བཤད།
    སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སློབ་གསོའི་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་སློབ་གསོའི་ཆུ་ཚད་དང་མང་ཚོགས་ཀྱི་ཐོབ་ཚོར་ཟབ་ཏུ་ནུས་ལྡན་བཏང་ཡོད། མིག་སྔར། ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་3195དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་88ལྷག་ཙམ་ཡོད་པ་དང་། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་87%ཟིན་པ། སློབ་ལོ་ལོན་པའི་སློབ་མ་སློབ་ཆུང་ལ་ཞུགས་ཚད་99.9%ཟིན་པ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%བཅས་ཟིན་ཡོད།
    སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་སོགས་ལས“རང་རྟེན”ནུས་པ་ཆེ་རུ་ཕྱིན་པ།
    དགེ་རྒན་ནི་སློབ་གསོ་འཛུགས་སྐྱོང་གི་རྩ་བ་དང་སློབ་གསོ་གོང་འཕེལ་གྱི་འབྱུང་ཁུངས་ཡིན། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་བོད་ཀྱི་སློབ་གསོའི་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་དང་ས་གནས་ཁག་གིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་གསོའི་བོད་སྐྱོར་ལ་སྐུལ་འདེད་བཏང་སྟེ། སློབ་མཚམས་རྐྱང་པ་ནས་སློབ་མཚམས་ཧྲིལ་པོ་དང་། མི་སྒེར་གྱི་རོགས་སྐྱོར་ནས་ཚོགས་སྒྲིག་རོགས་སྐྱོར། སློབ་ཁྲིད་ཚབ་སྒྲུབ་ནས་དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་བར་འགྱུར་ལྡོག་བྱུང་ཡོད། “སློབ་གསོ་པུས་སློབ་གསོའི་བོད་སྐྱོར་ལས་དོན་ལ་ཞིབ་འཇུག་དང་འཆར་འགོད་གཏིང་ཟབ་བྱས་ཏེ་བོད་དུ་བརྟག་ཞིབ་ཐེངས་མང་བྱས་པ་དང་། འབྲེལ་ཡོད་ཕྱོགས་དང་མཉམ་དུ་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་ལེན་བསྟར་བ། མཐོ་སློབ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་རོགས་སྐྱོར་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ། 2016ལོ་ནས་2020ལོའི་ལོ་སྟོད་བར་དུ། ལས་བྱེད་པ་དང་དགེ་རྒན་2493བོད་དུ་ལས་ཀ་བྱེད་པར་ཡོང་ཡོད”ཅེས་སློབ་གསོ་པུའི་མི་རིགས་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
   “གྲལ་འགྲིག་པོ་བཟོས་དང་། འཕྲུལ་མི་འཁྱོག་འདུག གོ་རིམ་བདམས་རྗེས་གཞི་ནས་འགོ་འཛུགས་དགོས”ཞེས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་ལྟེ་བའི་སློབ་ཆུང་གི་འཕྲུལ་མིའི་སློབ་ཁང་དུ་དགེ་རྒན་གྱིས་སློབ་མའི་བཀོལ་སྤྱོད་སྒྲིག་ཆས་ལ་མཛུབ་ཁྲིད་བྱེད་བཞིན་ཡོད་པ་དང་། ཕྲུ་གུ་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་བཞིན་འདུག
   2018ལོར་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ནས་ཕུལ་བྱུང་དགེ་རྒན་ཁག་བགོས་ཀྱིས་བོད་དུ་སློབ་སྐྱོར་བྱེད་པར་མངགས་པ་དང་ཁག་ཐེངས་རེར་ལོ་གཅིག་དང་ལོ་ཕྱེད་ཡིན་པ་རེད། དེའི་ཁྲོད་ཀྱི་ཁོངས་མི་ཡིན་པའི་ལིའུ་ཅུན་ཅེས་ཚན་རྩལ་སློབ་གསོའི་འདུ་ཤེས་དང་བྱེད་ཐབས་ཀོང་ཏུང་ཀྲུང་ཧྲན་ནས་གངས་ལྗོངས་ས་མཐོར་འཁྱེར་ཡོང་། དེ་ནས་བཟུང་གྲོང་གསར་ཤང་ལྟེ་བའི་སློབ་ཆུང་གི་དགེ་སློབ་ཚོས་འཕྲུལ་མི་ཤེས་རྟོགས་བྱུང་བ་མ་ཟད། ད་དུང་འབྲེལ་ཡོད་ཀྱི་ཚན་རྩལ་འགྲན་བསྡུར་ནང་ཐེངས་མང་ཞུགས།
   རིག་ཚན་སློབ་ཁྲིད་དང་འཛིན་གྲྭའི་དོ་དམ་ལས་འགན་ཁུར་བ་དང་། ས་གནས་དེ་གའི་དགེ་རྒན་དང་སློབ་ཁྲིད་ཚོགས་པ་བཙུགས་པ། སློབ་དཔྱོད་བྱེད་སྒོ་སྒྲིག་འཛུགས་དང་ལས་སྒོའི་གསོ་སྦྱོང་དང་སློབ་ཁྲིད་མཛུབ་ཁྲིད་བྱས་པ་སོགས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་དགེ་རྒན་གྱིས་སྔོན་ཐོན་གྱི་སློབ་ཁྲིད་དང་སློབ་དཔྱོད་བྱེད་ཐབས་བོད་དུ་སྤྱད་ཡོད། སློབ་སྐྱོར་འཆར་གཞིས་ད་དུང་ས་གནས་དེ་གའི་དགེ་རྒན་གྱི་སློབ་གསོའི་འདུ་ཤེས་ཟབ་ཏུ་དང་། སློབ་ཁྲིད་ནུས་པ་སྔར་བས་ཆེ་རུ། ས་གནས་དེ་གའི་མཐོ་སློབ་ཀྱི་རིག་ཚན་འཛུགས་སྐྱོང་ནུས་པ་ཆེ་རུ་བཅས་བཏང་ནས་གངས་ལྗོངས་ས་མཐོར་ནམ་ཡང་གནས་ཐུབ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་སྐྲུན་བཞིན་ཡོད།
    ཙེང་པིན་ཅན་ནི་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་འདེམས་གཏོང་བྱས་པའི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་གྲས་ཤིག་རེད། ཁོང་དང་བོད་སྐྱོར་ལས་རོགས་ཚོས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེ་ཤོས་བྱེད་པ་ནི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་པའི་བོད་ལྗོངས་མི་རིགས་སློབ་ཆེན་ལ་རིག་ཚན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རིག་གཞུང་གི་རྨང་གཞི་བརྟན་དུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་རོགས་ཇི་ལྟར་བྱ་རྒྱུ་དེ་ཡིན། བོད་ལྗོངས་མི་རིགས་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རིག་ཚན་ལ་རབ་འབྱམས་པའི་རིམ་པ་དང་པོའི་རིག་ཚན་གྱི་དབང་སྤྲོད་ས་ཚིགས་ཀྱི་ཆོག་མཆན་ཐོབ་སྟེ། ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཡོང་རོགས་བྱས་པ་ནས་འབུམ་རམས་པའི་སློབ་གནས་ཀྱི་དབང་སྤྲོད་ས་ཚིགས་རེ་ཞུ་བྱེད་པ་དང་རིག་ཚན་འཛུགས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བའི་བར། ཀྲུང་གོ་མི་དམངས་སློབ་ཆེན་གྱི་བོད་སྐྱོར་དགེ་རྒན་གྱིས་རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད།
   བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བློས་འགེལ་ཆོག་པ་དང་། སྤྱོད་གོ་ཆོད་པ། གཞི་རིམ་དུ་སྐྱོད་ཐུབ་པ། གཞིས་ཆགས་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་དེ་བས་ལེགས་པའི་སྒོ་ནས་གཏོད་ཆེད། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་གསོ་སྦྱོང་གི་མཁས་པ་སློབ་སྐོར་བ་དང་ནུབ་རྒྱུད་འོད་སྣང་གི་མཁས་པ་སློབ་སྐོར་བ་སོགས་ཀྱི་གསོ་སྦྱོང་འཆར་གཞིར་བརྟེན་ནས་དགེ་རྒན་འཚར་ལོངས་ཀྱི་ལས་སྟེགས་མཁོ་འདོན་བྱས་ཡོད། མིག་སྔར། བོད་ལྗོངས་མི་རིགས་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་རིག་ཚན་གྱི་དགེ་རྒན་6ཀྲུང་གོ་མི་དམངས་སློབ་ཆེན་དུ་འབུམ་རམས་པའི་སློབ་གནས་བརྩོན་ལེན་བྱེད་བཞིན་ཡོད་པ་དང་སློབ་ཐོན་སློབ་མ་3གཞོན་ནུའི་རིག་གཞུང་རྐང་འཛིན་པར་གྱུར་ཡོད།
   འདི་ལོ་ནི་ཙེང་པིན་ཅན་བོད་སྐྱོར་དུ་ཡོང་བའི་ལོ་གཉིས་པ་དེ་ཡིན་ཞིང་། ཁོང་གིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་དང་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས་གལ་ཆེན་སྐྱེད་སྲིང་བྱེད་པ་སོགས་ཀྱི་ལས་དོན་ནང་ཞུགས་ཡོད། “བོད་སྐྱོར་ལས་དོན་མཇུག་འགྲིལ་བར་ལོ་གཅིག་ལྷག་ཙམ་ལས་མི་འདུག དུས་ཚོད་འགྲོ་ཧ་ཅང་མགྱོགས་པོ་འདུག ངས་དེ་བས་འབད་བརྩོན་ཆེན་པོས་དམིགས་ཚད་ཁག་ལེགས་སྒྲུབ་བྱ་རྒྱུ་ཡིན། སློབ་གསོའི་བོད་སྐྱོར་ལས་དོན་པ་ཁག་དང་ཁག་གིས་སེམས་ནུས་ཡོད་རྒུ་བཏོན་ནས་སློབ་གསོའི་ལས་དོན་པའི་འགན་འཁྲི་དང་ལས་འགན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་ཧུར་ཐག་སྒྲུབ་བཞིན་ཡོད།
    སློབ་གསོའི་བོད་སྐྱོར་ནི་བྱས་རྗེས་དེང་ལ་འཇོག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པའི་བྱ་བ་ཞིག་རེད། བོད་ཀྱི་མཐོ་རིམ་སློབ་གསོའི་འགོ་འཛུགས་ཕྱི་བ་དང་། གྲངས་འབོར་ཉུང་བ། གཞི་ཁྱོན་ཆུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྒྱལ་ཡོངས་ཀྱི་མཐོ་སློབ་30ལྷག་ཙམ་གྱིས་རང་སོ་སོའི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། “སློབ་གྲྭ་དེ་དག་གིས་སྔོན་ཐོན་ཉམས་མྱོང་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་དེ་གའི་མཐོ་སློབ་དགེ་རྒན་དཔུང་ཁག་གི་སློབ་རྒྱུས་ཆུ་ཚད་མཐོ་རུ་བཏང་བས་དོ་དམ་མི་སྣ་མི་འདང་བ་དང་དོ་དམ་ཆུ་ཚད་དམའ་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད” བོད་ལྗོངས་སློབ་གསོ་ཐིང་མཐོ་རིམ་སློབ་གསོ་ཁྲུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་5ཡི་རིང་། ཁ་གཏད་རོགས་སྐྱོར་མཐོ་སློབ་ཀྱིས་གནས་གཏན་འཁེལ་གྱི་སྒོ་ནས་བོད་ཀྱི་མཐོ་སློབ་ཀྱི་རྐང་འཛིན་དགེ་རྒན་རབ་འབྱམས་པ་69དང་འབུམ་རམས་པ་57བསྡུས་པ་དང་། དགེ་རྒན་གྱི་ཟབ་སྦྱོང་དང་མཁས་པ་སློབ་སྐོར་བ་སོགས་མི་546བསྡུ་ལེན་བྱས་ཡོད་པ་རེད།
    ཆེད་ལས་ཀྱི་རྩལ་ནུས་ལྡན་པའི་གོ་ཆོད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་ནས། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ།
    དུས་རབས་གསར་པར་སླེབས་པས། ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། ཏང་ཀྲུང་དབྱང་གི་མཛུབ་སྟོན་ལས་སློབ་གསོའི་བོད་སྐྱོར་ལས་དོན་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད།
    དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་དམིགས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་པ་རེད། ས་གནས་དེ་གའི་མང་ཚོགས་ཚོས་སློབ་གསོའི་བོད་སྐྱོར་ལས་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
    ལོ་གསུམ་གྱི་གོང་དུ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་བུ་མོ་སྐལ་བཟང་བདེ་ཆེན་ལ་སྐྱ་གྲིབ་ཀྱི་ནད་ཕོག ན་ནིང་ཟླ་6པར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྐལ་བཟང་བདེ་ཆེན་ལ་གཤགས་བཅོས་བྱས་ཤིང་། ལྟ་སྐྱོང་ཡག་པོ་བྱས་པར་བརྟེན་ཁོ་མོའི་མིག་ཤེད་རིམ་བཞིན་སླར་གསོ་བྱུང་ཡོད། “ང་བསོད་བདེ་ཆེན་པོ་འདུག བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ཆུ་ཚད་མཐོ་བའི་སྨན་བཅོས་བྱས་བྱུང”ཞེས་ཁོ་མོས་བཤད།
    སྐལ་བཟང་བདེ་ཆེན་ལ་གཤགས་བཅོས་བྱེད་མཁན་གཙོ་བོ་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཡུས་དབྱིང་དབྱིང་ནི་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་ལྔ་པ་ནས་ཡིན་ཞིང་། “ཁོངས་མི་32ཚང་མ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཁོའོ་དང་ཁང་གི་ཆེད་ལས་ཚང་མར་ཁྱབ་ཡོད”བོད་སྐྱོར་ལོ་གཅིག་བྱེད་རིང་རང་ཉིད་ཀྱིས་གཤགས་བཅོས་ལ་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་ནས། དགེ་ཕྲུག་ཕུལ་བྱུང་གཉིས་གསོ་སྐྱོང་བྱས་པ་དེ་གཉིས་པོས་ཡོ་བྱད་གསར་པ་བཀོལ་ཤེས་པ་མ་ཟད། ད་དུང་རང་རྐྱ་འཕེར་བའི་ངང་གཤགས་བཅོས་ཆུང་ངུ་ཡང་བྱེད་ཐུབ་ཀྱི་ཡོད། “སྣེ་ཁྲིད་པ་ཞིག་གིས་ཚན་ཁག་ཅིག་ལ་སྣེ་ཁྲིད་དེ་སློབ་མ་ཁག་གཅིག་གསོ་སྐྱོང་བྱས་ནས། སྨན་ཁང་གི་སྨན་བཅོས་ཆུ་ཚད་སྤྱི་ཡོངས་མཐོ་རུ་བཏང་སྟེ་ནད་པར་སྨན་བཅོས་དེ་བས་ཡག་པོ་བྱ་རྒྱུ་ནི་ང་ཚོའི་བསམ་འདུན་ཡིན”ཞེས་ཡུས་དབྱིང་དབྱིང་གིས་བཤད།
    བོད་སྐྱོར་བྱེད་པ་ནི“གཞན་རྟེན”ནས“རང་རྟེན”དུ་བསྒྱུར་ནས་ས་གནས་དེ་གའི་རང་ངོས་འཕེལ་རྒྱས་གཏོང་ནུས་གང་མགྱོགས་ཆེ་རུ་གཏོང་ཆེད་ཡིན། འཛུགས་སྐྲུན་ལ་དམ་འཛིན་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་མཐོ་སློབ་ཁག་གཅིག་གིས་དོན་དངོས་ལ་གཞི་ཚུགས་ནས་ཐབས་ཇུས་འཚོལ་བ་དང་བྱ་ཐབས་དངོས་བཏོན་པ་སྟེ། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་བོད་སྐྱོར་དཔུང་ཁག་གིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་ལས་བྱས་ཏེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ས་མཐོའི་ས་གཙང་བདེ་ཐང་ཐོན་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི་བཙུགས་པ་དང་། སྟག་རྩེའི་ནས་དང་། འབྲི་གཡག བོད་བྱ་སོགས་ཁྱབ་ཁོངས་ལ་དམིགས་ནས་ལག་རྩལ་གསར་པ་དང་སྣ་ཁ་གསར་པ་ཚོད་ལྟ་དང་བེད་སྤྱོད་བྱས་ཏེ་ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོ་ཞིང་ལས་སློབ་ཆེན་སྲོག་ཆགས་ཚན་རིག་ལག་རྩལ་སློབ་གླིང་གི་རིགས་གཅིག་མཁས་ཅན་ཚོགས་པས་ལྷ་ས་ཁྲེང་ཀོན་ཆུས་སུ་དཀར་ཆུའི་ལས་རིགས་ལག་རྩལ་དབུལ་སྐྱོར་བྱས་པ་དང་། ལག་རྩལ་མཛུབ་ཁྲིད་དང་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་བརྒྱུད་ས་གནས་དེ་གའི་བཞོན་མའི་གཞི་ཁྱོན་ལྡན་པའི་གསོ་ཚགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་སོགས་རེད།
   དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་བོད་ལ་ཆེད་ལས་ཀྱི་རྩལ་ནུས་ལྡན་པའི་གོ་ཆོད་ཤེས་ལྡན་མི་སྣ་དེ་བས་མང་བ་དགོས་ཀྱི་ཡོད། དེར་བརྟེན། ལས་རིགས་སློབ་གསོ་ཡག་པོ་གཉེར་རྒྱུ་ནི་སློབ་གསོའི་བོད་སྐྱོར་ལས་དོན་གྱི་ཤུགས་རྒྱག་ས་གསར་པ་ཞིག་ཏུ་གྱུར་ཡོད། ཆོན་ཀྲོའུ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་དང་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་དམངས་ཁྲོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་དང་ལས་རིགས་ལས་གནས་སྦྲེལ་མཐུད་ཀྱི་ཐབས་ལམ་ནུས་ལྡན་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས། ལས་སྦྱོང་ཟུང་འབྲེལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་གིས་མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་ལས་ཁྱད་ཆོས་ལ་གཞིགས་ནས་ས་གནས་དེ་གའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་རྩལ་མཛེས་རྩལ་བསླབ་གཞི་རྩོམ་སྒྲིག་བྱས་ཡོད། 2014ལོ་ནས་བཟུང་། ལས་རིགས་སློབ་གསོའི་ཚོགས་པ་7དང་དམངས་གཉེར་དངོས་གཞིའི་ཚན་ཁག་སློབ་གྲྭ་13གྱིས་བོད་དང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
   “ལས་རིགས་སློབ་གསོའི་ཤར་ནུབ་མཉམ་ལས་བྱ་སྤྱོད་ཀྱི་འཆར་གཞི་2016ལོར་ལག་བསྟར་བྱེད་འགོ་བཙུགས་ཤིང་། བོད་ཀྱིས་ཆ་སྒྲིག་ཞིང་ཆེན་17དང་མཉམ་ལས་གྲོས་མཐུན་བཞག་པ་དང་། 2020ལོ་ནས་ད་བར་མ་དངུལ་སྒོར་ཁྲི་448བཏང་བ་དང་སྒོར་ཁྲི་241རི་བའི་སྒྲིག་ཆས་ཞལ་འདེབས་བརྒྱབ་པ་རེད། དེ་དང་དུས་མཚུངས། དགེ་རྒན་སྤེལ་རེས་དང་སློབ་མ་མཉམ་འབྲེལ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡང་སྤེལ་ཡོད”ཅེས་བོད་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
   འདི་ལོའི་ཟླ་6ཚེས་25ཉིན། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་སྟེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཞིང་ཆེན་31ལ་ཁྱོན་ཡོངས་ནས་ཁྱབ་སྟེ་བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལེའུ་གསར་པ་བརྩམས་ཡོད། དེ་ལས་བོད་ལྗོངས་ཡེ་ཏ་འཛུགས་སྐྲུན་ལས་གྲྭ་ཀུང་སིའི་ཚད་ལེན་པ་ཚུའེ་ཁྲོང་ཅུན་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་ཧྲའན་ཤིས་ལྕགས་ལམ་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་སྐབས། སློབ་གྲོགས་དང་མཉམ་དུ་ལྷ་ཉིང་ལྕགས་ལམ་ལས་ཡུལ་དུ་དངོས་སྦྱོང་ལ་འགྲོ་མྱོང་བ་དང་། སྐབས་དེ་དུས་ཚང་མར་བསམ་ཚུལ་གཅིག་ལས་མེད་པ་དེ་ནི་ལྷ་ཉིང་ལྕགས་ལམ་སྔ་ཙམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་དེ་རེད། “ད་ཆ་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བོད་ཀྱི་ལྕགས་ལམ་དྲ་བ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ངས་མུ་མཐུད་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་ཆེད་དུ་འབད་འཐབ་བྱ་རྒྱུ་ཡིན”ཞེས་ཚུའེ་ཁྲོང་ཅུན་གྱིས་བཤད།
   རེ་བའི་ས་བོན་བཏབ་ནས་སྒུལ་ནུས་འཕེལ་བར་བྱེད། རྒྱ་ཆེའི་སློབ་གསོའི་བོད་སྐྱོར་ལས་དོན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱས་ནས་གསོན་ཤུགས་དང་ཡིད་ཆེས་འཕེལ་བར་བྱས་ཡོད།
   རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ།
   “མིག་འདུད་ཞུས། རྒྱལ་གླུ་བླངས”ཟླ་3ཚེས་28ཉིན། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། རྒན་ཡོལ་ཞུས་པའི་ཏང་ཡོན་དགེ་རྒན་ཤའོ་ཡུང་གིས་བོད་རྙིང་པའི་འཚོ་བའི་སྐོར་བཤད་པས་སློབ་མ་ཚོས“སྔར་སོང་གི་སྡུག་བསྔལ་རྟོགས་ན་ད་ཆའི་བདེ་སྐྱིད་ལ་དེ་བས་གཅེས་སྤྲས་བྱེད་ཐུབ”ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
   རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་སློབ་མ་ཚོ་གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ལྟ་སྐོར་བྱེད་པར་བསྐྱོད། མིག་ལ་མཛེས་པའི་བོད་བཟོའི་སྡོད་ཁང་དང་། རྣམ་པ་གསར་པའི་བཟོ་གྲྭའི་འཁོར་ཁང་། ཡུག་སྦྲེལ་གྱི་སྐྱེ་ཁམས་གླིང་ཁ། ཚ་ཚ་འུར་འུར་གྱི་རྨང་གཞིའི་འཛུགས་སྐྲུན་བྱ་ཡུལ་སོགས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་མཛེས་རིས་མང་པོ་མཐོང་། འགྲོ་ཞོར་ལྟ་ཞོར་དུ་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས་ལོ་རིམ་བཞི་པའི་སློབ་མ་སྐལ་བཟང་ཆོས་སྒྲོན་གྱིས“མེས་རྒྱལ་ངོ་མ་རླབས་ཆེན་རེད། ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་འཚར་ལོངས་བྱུང་རྗེས་གཞིས་རྩེའི་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་སྤོབས་སེམས་ཆེན་པོས་བཤད།
   སློབ་གསོའི་བོད་སྐྱོར་བརྒྱུད་རིམ་ནང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་རྒྱལ་གཅེས་ཀྱི་ས་བོན་ཡང་གཞོན་ནུ་ལོ་ཆུང་ཚང་མའི་སེམས་སུ་བཏབ་ཡོད།
   སློབ་གསོ་པུའི་སྐད་ཡིག་ཉེར་སྤྱོད་ཞིབ་འཇུག་སུའོ་ཡིས་ཉིང་ཁྲིར་སྐད་ཡིག་ཚད་ལྡན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་བོད་ཀྱི་ཆུས་དང་རྫོང་74ལ་སྐད་ཡིག་ལས་བྱེད་པ་དང་། སྐད་ཡིག་རྐང་འཛིན་དགེ་རྒན། སྐད་ཡིག་སློབ་དཔྱོད་པ་སོགས་མི་200གསོ་སྦྱོང་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་བ་དང་། པེ་ཅིང་གིས་ཁ་གཏད་རོགས་སྐྱོར་ལས་དོན་དེ་མི་རིགས་མཐུན་སྒྲིལ་གྱི་འདུ་འགོད་ཅིག་ཏུ་བཏོད་ནས《བོད་ཀྱི་འཇའ་ཚོན》དང《ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན》སོགས་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱས་ནས་སློབ་གྲྭར་འཁྲབ་སྟེ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱིས“བླ་སྲོག་གཏོད་པའི་འདུ་འགོད”སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།
   ཉིན་ཤས་རིང་། ཆིང་ཧྭ་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་གིས་བོད་དུ་དབྱར་གསེང་གི་སྤྱི་ཚོགས་ལག་ལེན་བྱས་ནས“ཐོག་མའི་བསམ་འདུན་ལོ་བརྒྱར་འཆང་བ”དང་། “འཕེལ་རྒྱས་གསར་པ་འདྲི་བ” “ཀྲུང་གོའི་སྟོབས་ཤུགས་གསར་པ”སོགས་བརྗོད་དོན་གཙོ་བོར་བྱས་ཡོད། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ཚོར་ཕུགས་འདུན་དོན་གཉེར་བྱེད་པའི་གཤོག་རྩལ་རྒྱས་སུ་འཇུག་ཆེད། ཉེ་བའི་ལོ་གསུམ་རིང་ཆིང་ཧྭ་སློབ་ཆེན་གྱི་སློབ་མའི་དཔུང་ཁག་12དང་མི་ཐེངས་100བོད་དུ་ཡོང་ནས་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་པ་རེད། “ང་ཚོ་རྗེས་སུ་ཆིང་ཧྭ་སློབ་ཆེན་དུ་བསྐྱོད་དེ་ཁྱོད་ཚོ་དང་འདྲ་བར་མེས་རྒྱལ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན”ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་ཤང་སློབ་ཆུང་སློབ་མའི་འཕྲིན་ཡིག་ལ་བལྟས་རྗེས་ལག་ལེན་རུ་ཁག་གི་རུ་མིས“ཕྲུ་གུ་ཚོའི་ཕུགས་འདུན་རྫ་ར་ཤང་གི་པད་ཁའི་མེ་ཏོག་བཞིན་རྣམ་པར་བཞད་པའི་ཡིད་ཆེས་ཡོད”ཅེས་བཤད།
   འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ།“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ཀྱི་ལོ་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་མེས་རྒྱལ་ས་གནས་ཁག་ནས་ཡོང་བའི་སློབ་གསོའི་བོད་སྐྱོར་ལས་དོན་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། བོད་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་རོགས་རམ་བྱ་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།