འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་4ཉིན།

༄༅།།བོད་ཀྱི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྔོ་ལྗང་ཡུལ་ལྗོངས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་04ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་7པར་ཡར་ཀླུང་གཙང་པོའི་ངོགས་ཀྱི་གཞུང་ལམ་བརྒྱུད་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་མུ་མཐའ་མེད་པའི་སྔོ་ལྗང་གི་ལྗོན་ཤིང་དང་། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་རེད།
   སྔོན་ཆད་དེ་གར་བོད་དུ་སྐད་གྲགས་ཆོད་པའི་བྱེ་ཐང་རེད། ལོ་བཅུ་ཕྲག་ཁ་ཤས་གོང་བོད་ཀྱིས་ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུར་འགོག་སྲུང་ནགས་ཚལ་སྐྲུན་འགོ་ཚུགས་ཏེ། རིང་ཚད་ལ་སྤྱི་ལེ་160དང་ཞེང་ཚད་ལ་སྤྱི་ལེ་1.8ཟིན་པའི་ཡར་ཀླུང་གཙང་པོའི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་བསྐྲུན་ཡོད།
   “ད་ཆ་སྐྱེ་ཁམས་ཁོར་ཡུག་ཧྲིལ་པོར་སྔོན་མ་ལས་འགྱུར་ལྡོག་ཆེན་པོ་བྱུང་ནས་ཐལ་རྡུལ་འཚུབ་པའི་གནམ་གཤིས་ལོ་རེ་བཞིན་ཉུང་དུ་ཕྱིན་པ་དང་མི་རྣམས་ཀྱི་བདེ་སྐྱིད་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད”ཅེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བསམ་གཏན་ནོར་བུས་གསར་འགོད་པར་བཤད།
   དོན་གྲུབ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་གྲོང་ཚོ་ཆུང་ངུ་ཞིག་ཏུ་སྐྱེས་པ་དང་། འདི་ལོ་ལོ་42ལ་སླེབས་ཀྱི་ཡོད། ཁོང་གིས་བོད་ཡིག་ནས་བྲིས་པའི《ང་ཡི་ཕུགས་བསམ》ཞེས་པའི་རྩོམ་ཡིག་ཅིག་ད་ལྟའང་ཉར་ཡོད་ཅིང་། དེའི་ནང་ཁོང་གིས“ས་ཆ་གང་ཞིག་ཏུ་ཡིན་ཡང་རི་སྟེང་དུ་རྩྭ་རྩི་ཤིང་མེད་ན་དེར་བརྟེན་ནས་འཚོ་བཞིན་པའི་སྲོག་ཆགས་ཇེ་ཉུང་དུ་འགྲོ་སྲིད། དེར་བརྟེན་སླད་ཕྱིན་ངས་ནགས་ལས་ཀྱི་ཆེད་ལས་པ་ཞིག་བྱས་ནས་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བྲིས་ཡོད།
   དོན་གྲུབ་ཀྱིས། རྩོམ་ཡིག་དེ་འབྲི་དོན་ནི་ཤིང་གཅོད་པ་སོགས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཁག་གཅིག་ངས་མིག་མཐོང་ལག་ཟིན་བྱུང་བས། ཉེ་འཁོར་རི་སྟེང་གི་ཤིང་རིགས་ལོ་རེ་བཞིན་ཉུང་དུ་འགྲོ་བ་དང་། དེ་སྔའི་དོམ་དང་། གཟིག ཤྭ་བ་སོགས་རི་སྐྱེས་སྲོག་ཆགས་ཇེ་ཉུང་དུ་འགྲོ་བ། ཐ་ན་གྲོང་ཚོའི་ནང་གི་བུད་ཤིང་ཀྱང་ཐག་རིང་དུ་གཅོད་པར་འགྲོ་དགོས་ཀྱི་ཡོད་ཅེས་བཤད། ད་ཆ་ཁོང་གི་ཕུགས་བསམ་མངོན་འགྱུར་བྱུང་ཞིང་། ཁོང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་མི་ཞིག་ཏུ་གྱུར་ནས་ཤིང་འཛུགས་ནགས་བཟོ་དང་སྐྱེ་ཁམས་སླར་གསོའི་ལས་ཀ་བྱེད་ཀྱི་ཡོད།
   ད་ཆ་ཤིང་འཛུགས་ནགས་བཟོ་དེ་ལྷོ་ཁའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད། ལོ་རེའི་ཤིང་འཛུགས་དུས་ཆེན་སྐབས་དེ་གར་གཞི་ཁྱོན་ཆེ་བའི་ཤིང་འཛུགས་བྱེད་སྒོ་སྤེལ་བར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ཧུར་ཐག་ཞུགས་ཀྱི་ཡོད།
   འདི་ལོ་ཁྱབ་བསྒྲགས་བྱས་པའི《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ལས་མངོན་པར། བོད་ཀྱིས་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་1དང་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་5བསྐྲུན་པ་དང་བཀག་སྡོམ་རྒྱ་ཁྱོན་སྤྱི་ཆིང་ཁྲི་4.8ཟིན་ཡོད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་རྒྱུར་དམིགས་ནས་མ་དངུལ་སྒོར་དུང་ཕྱུར་5.23བཏང་སྟེ་བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱས་པ་དང་། བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ་སྣ་ཚོགས་སྤྱི་ཆིང་ཁྲི་13.93ལེགས་སྒྲུབ་བྱས་པས་བོད་ཀྱི་བྱེ་འགྱུར་རྒྱ་སྐྱེད་འགྲོ་རྒྱུ་བཀག་སྡོམ་ཐུབ་ཡོད།
   བསྡོམས་རྩིས་ལ་གཞིགས་ན། 2020ལོར་བོད་དུ་ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་། རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%བར་མཐོ་རུ་ཕྱིན་པ། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཡོད།
    བྱེ་བཅོས་ཁེ་ལས་མི་ཉུང་བ་ཞིག་གིས་ཀྱང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྔོ་འགྱུར་ལས་དོན་ལ་ལེགས་སྐྱེས་ཕུལ་ཞིང་། 2015ལོ་ནས་བཟུང་། དབྱི་ལི་ཚོགས་པས་རང་ངོས་ཀྱི་བྱེ་ཐང་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་འཛུགས་སྐྱོང་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་1ལས་བརྒལ་བ་དང་འཛུགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི་1.1ཙམ་ཟིན་ནས་མི་1500ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།
    ཁོར་ཡུག་དང་སྐྱེ་ཁམས་ཇེ་ལེགས་སུ་གྱུར་པས། རི་སྐྱེས་སྲོག་ཆགས་ཀྱང་རི་སྟེང་དུ་ལོག་ཡོད། གསར་འགོད་པས་དཔལ་འབྱོར་གྱི་སྡོང་ཕྲུག་ར་བ་ནས་གླ་བ་འགའ་ནགས་ཁྲོད་དུ་རྩེད་འཇོར་རོལ་བ་མཐོང་བྱུང་། དཔལ་འབྱོར་གྱིས། ངས་དེ་གར་གླ་བ་མཐོང་ཐེངས་དང་པོ་ནི་2010ལོར་ཡིན་པ་དང་། སྡོང་ཕྲུག་ར་བའི་ནང་ད་དུང་ཝ་མོ་འདུག་ལ་འདབ་ཆགས་སྣ་ཚོགས་དེ་བས་གྲངས་ལས་འདས་པ་འདུག་ཅེས་དྲན་གསོ་བྱེད་ཀྱིན་བཤད།