འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་4ཉིན།

༄༅།།བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་གྲུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་04ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་སྟོན་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པས། སྐྱེ་ཁམས་ཟམ་མི་ཆད་པར་ལེགས་སུ་སོང་སྟེ་སྐྱེ་ཁམས་ཀྱི་རིན་ཐང་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
   ཉིང་ཁྲིར“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་པ་དང་འདི་གའི་ཡུལ་ལྗོངས་མཛེས་ལ་གནམ་གཤིས་དྲོ་གྲང་སྙོམས་པས་རྒྱལ་ཡོངས་ས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བཞིན་མཆིས།
   ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་གྲོང་མིས་དེ་སྔོན་རི་སྟེང་ནས་ཤིང་བཅད་དེ་ཁྱིམ་གྱི་འགྲོ་སོང་བསགས་ཀྱི་ཡོད། 2005ལོར་ཡུལ་དེའི་སྲིད་གཞུང་སྡེ་ཚན་གྱིས“ནགས་རྒྱ་སྡོམ་རྒྱུའི”ཁྱབ་བསྒྲགས་བྱས་ཡོད། ལོ་བཅུ་གྲངས་ནང་སྲིད་གཞུང་དང་སྡེ་ཚན་གྱིས་མ་འཇོག་བྱེད་ཤུཌ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཞིང་འབྲོག་པའི་སྡོད་ཁང་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་། ཡུལ་དེའི་སྐྱེ་ཁམས་ཡུལ་སྐོར་གྱི་རྨང་གཞི་འཐུས་སྒོ་ཚང་དུ་བཏང་བས་ཡུལ་དེའི་གྲོང་མི་རྣམས་ཤིང་གཅོད་མཁན་ནས་ཤིང་འདེབས་མཁན་དུ་གྱུར་ཏེ་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་ཡོད།
   “སྐྱེ་ཁམས་ལེགས་སུ་ཕྱིན་པས་ཡུལ་སྐོར་བའང་ཇེ་མང་དུ་སོང་བ་དང་ཡོང་འབབ་ཀྱང་དེ་མཚུངས་ཀྱིས་མང་དུ་ཕྱིན་སོང”ཞེས་བྱེ་པ་གྲོང་ཚོའི་གྲོང་མི་བསོད་ནམས་སྒྲོལ་དཀར་གྱིས་གསར་འགོད་པར་བརྗོད། ན་ནིང་ཁྱིམ་ཚང་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཁ་ཤས་བྱུང་ཡོད། ཁོང་གིས་ད་དུང་དྲ་ཐོག་ཚོང་ཁང་ཞིག་བཙུགས་ཏེ་གྲོང་ཚོ་ནས་ཉོས་པའི་བོད་སྨན་སྨན་རྒྱུ་འཚོང་གི་ཡོད་པས་དེས་ཀྱང་འབབ་འཕར་སྒོར་ཁྲི་3ལྷག་ཙམ་ཡོང་གི་ཡོད།
   སྐྱེ་ཁམས་ཡུལ་སྐོར་གྱིས་ཡུལ་དེའི་གྲོང་མིར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ལའང་གསོན་ཤུགས་རྒྱས་ཡོད། ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་དང་། སྤྲོ་གསེང་གཞིས་ཀ བེ་ཤ་ལས་སྣོན་བཟོ་གྲྭ སྐྱེ་ཁམས་གསོ་ཚགས་རྟེན་གཞི་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ཏེ་གྲོང་མིའི་འབབ་འཕར་གྱི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད།
   གྲངས་གཞི་ལས་མངོན་པ་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3200ལྷག་ཙམ་ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་240ལྷག་ཙམ་བྱུང་སྟེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.3དང་ལྡབ་2.5སོ་སོ་ཡིན་པ་རེད།
    བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་814བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་གི་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་ཡོད། བོད་ཀྱི་གནམ་སྔོན་ཆུ་དྭངས་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཉིད་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་གྱུར་ཏེ་མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད།
   གཞན་ཡང་བོད་ལྗོངས་ཉིད་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞིར་བསྐྲུན་རྒྱུ་ཡིན་པ་རེད། 2020ལོའི་ལོ་མཇུག་བར་ནུས་རྒྱུ་གཙང་མས་གློག་འདོན་འཕྲུལ་འཁོར་གྱི་གློག་གཏོང་ཚད་ཀྱི་89.09%ཟིན་ཡོད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་སྔ་རྗེས་སུ་གསང་སྤྱོད་གསར་བརྗེ་དང་། ཁོར་ཡུག་བཅོས་སྒྲིག གྲོང་གསེབ་སྔོ་འགྱུར་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་མ་ལག་རིམ་བཞིན་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་ཡོད།