འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་3ཉིན།

༄༅།།ཨའོ་མོན་དམིགས་བསལ་ཁུལ་སྲིད་གཞུང་གིས་ཡོ་རོབ་མནའ་འབྲེལ་གྱི་གཏམ་བཤད་ལ་རྒོལ་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་03ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན། ཡོ་རོབ་མནའ་འབྲེལ་གྱི་ཕྱི་ཕྱོགས་བྱ་སྤྱོད་ཧྲུའུ་ཡིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོའི་ཐད་གཏམ་བཤད་སྤེལ་བར་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཚེས་31ཉིན་གསལ་བསྒྲགས་སྤེལ་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད། དམིགས་བསལ་ས་ཁུལ་གྱི་སྲིད་གཞུང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་འདེམས་བསྐོ་བྱ་རྒྱུ་དེ་ནི་དམིགས་བསལ་ས་ཁུལ་ནང་ཁུལ་གྱི་ལས་དོན་ཡིན་པས་ཕྱི་རྒྱལ་གྱི་ལས་ཁུངས་གང་ཞིག་ལའང་ཐེ་གཏོགས་བྱེད་དབང་མེད་ཅེས་བཤད།
   དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོའི་ནང་ཞུགས་མཁན་ཁག་གཅིག་གི་གདམ་བྱའི་ཐོབ་ཐང་མེད་པར་བཟོས་པ་དེ་ནི་འདེམས་བསྐོའི་བཅའ་ཁྲིམས་ཀྱིས་ཁྲིམས་འཛུགས་ལྷན་ཚོགས་ལསྤྲད་པའི་དབང་ཆ་ཞིག་ཡིན་ཞིང་། ཁྲིམས་ལྟར་འདེམས་བསྐོའི་ནང་ཞུགས་མཁན་གྱི་གདམ་བྱའི་ཐོབ་ཐང་ལ་ཞིབ་བཤེར་བྱས་ནས། འབྲེལ་ཡོད་གཏན་འབེབས་བྱས་པ་དག་ལ་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་ཐོག་ནས་ཁས་བླངས་ཡོད་ཅེས་བཤད་པ་རེད།
   གསལ་བསྒྲགས་ནང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མིའི་གཞི་རྩའི་ཁེ་དབང་ནང་འདེམས་བསྐོ་དང་གདམ་བྱའི་དབང་ཆ་དང་དེ་བཞིན་གཏམ་བརྗོད་རང་དབང་གི་དབང་ཆ་བཅས་ཚུད་ཡོད་པས། དེར་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ་པ་མ་ཟད། ད་དུང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱི་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཀྱང་ཐོབ་ཡོད་ཅེས་ནན་བཤད་བྱས་ཡོད།
   ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ནས། ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་སྐབས་བདུན་པས་ཁྲིམས་ལྟར་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།