༄༅།།དགེ་སློབ་དག་གི་བདེ་ཐང་གནས་ཚུལ་དེ་སློབ་གྲྭའི་རིམས་འགོག་བླང་བྱ་དང་མཐུན་ཚེ་གཞི་ནས་
སློབ་གྲྭར་ལོག་དགོས།
གསར་འགྱུར་སྤེལ་དུས། 【2021ལོའི་ཟླ་ 08ཚེས་03ཉིན། 14:02】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་8ཚེས་2ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉེ་ཆར་བརྡ་ཐོ་བཏང་ནས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་སློབ་དང་ལས་བཟོའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། སློབ་གྲྭ་ཆུང་འབྲིང་གི་ཞོགས་པ་དང་ཉིན་གུང་ལ་ཞིབ་བཤེར་དང་། སློབ་ཞུགས་དུས་རིམ་ཡོངས་སུ་ནད་ཀྱིས་ལས་ཤོར་ཐེབས་པ་དང་། སློབ་ཤོར་སོང་བ་དག་ཐོ་འགོད་དང་། ནད་གཞི་བདའ་འདེད་སོགས་བྱེད་དགོས་ཤིང་། དགེ་སློབ་དག་གི་བདེ་ཐང་གནས་ཚུལ་དེ་སློབ་གྲྭའི་རིམས་འགོག་བླང་བྱའི་ཚད་དུ་སླེབས་སྐབས་གཞི་ནས་སློབ་གྲྭར་ཕྱིར་ལོག་དགོས་པའི་བླང་བྱ་བཏོན་པ་རེད།
ཉེ་ཆར་སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་ཏུ་འགྱུར་བའི་འོག་ཏུ་སློབ་གྲྭའི་འཕྲོད་བསྟེན་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་ལ་གཞིགས་ན། ས་གནས་ཁག་དང་སློབ་གྲྭ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དཀའ་ཚེགས་རང་བཞིན་དང་ཡུན་རིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལྷོད་གཡེང་གི་སེམས་ཁམས་གཏན་ནས་མེད་པར་བྱེད་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་སློབ་གྲྭ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་འོག མི་སྣས་མཉམ་འགོག་དང་ནད་མང་མཉམ་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སློབ་ཁང་དང་། གསང་སྤྱོད། ཟ་ཁང་། ཉལ་ཁང་སོགས་གཙོ་གནད་ས་ཆའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། མཁའ་དབུགས་གཙང་སྒྱུར། དུག་སེལ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྡེ་ཁུལ་དང་། འགྲིམ་འགྲུལ། སྤྱི་བདེ། གྲོང་ཁྱེར་དོ་དམ། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་དང་རང་འགུལ་ངང་འབྲེལ་གཏུག་བྱས་ནས། སློབ་གྲྭའི་ཉེ་འཁོར་གྱི་འཕྲོད་བསྟེན་བདེ་འཇགས་འགན་ལེན་བྱེད་པ། སློབ་གྲྭའི་ནང་ལོགས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
བརྡ་ཐོའི་ནང་ས་གནས་ཁག་དང་སློབ་གྲྭ་ཁག་གིས་ལུས་རྩལ་སློབ་ཚན་དང་སློབ་གསེང་ལུས་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། སློབ་མར་ཉིན་རེའི་སློབ་གྲྭའི་ཕྱི་ནང་ཆུ་ཚོད་གཅིག་གི་ལུས་རྩལ་བྱེད་སྒོའི་དུས་ཚོད་ཡོད་པའི་འགན་ལེན་ཧུར་ཐག་བྱེད་དགོས། ལུས་རྩལ་སློབ་ཚན་མེད་པའི་ཉིན་དེར། སློབ་གྲྭས་སློབ་ཚན་གྲོལ་རྗེས་སློབ་མ་སྒྲིག་འཛུགས་བྱས་ནས་མཉམ་སྡེབ་ལུས་རྩལ་སྦྱོང་བརྡར་བྱ་རྒྱུ་དང་འབྲེལ་དེ་སློབ་ཁྲིད་འཆར་གཞིའི་ནང་འགོད་དགོས་པ་ཁ་གསལ་བཏོན་ཡོད།
གཞན་ཡང་། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་ཚད་གཞི་དང་བསྟུན་ནས་སློབ་གྲྭའི་འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་མི་སྣ་བཀོད་སྒྲིག་འདང་ངེས་བྱས་ཏེ། སློབ་གྲྭས་འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་གི་འབྲེལ་ཡོད་ལས་དོན་སྤེལ་བའི་ཆ་རྐྱེན་དང་འགྲོ་གྲོན་འགན་སྲུང་བྱ་དགོས། སློབ་གྲྭ་ཆུང་འབྲིང་དག་གིས་སློབ་གཙོས་གཙོ་འགན་འཁུར་བ་དང་། ཡན་ལག་དོ་དམ་སློབ་གཙོའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ། འབྲེལ་ཡོད་སྡེ་ཚན་གྱིས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་བཅས་ཀྱི་སློབ་གྲྭའི་འཕྲོད་བསྟེན་དོ་དམ་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་དགོས། ཆ་རྐྱེན་འཛོམས་པའི་ས་གནས་སུ་“བདེ་ཐང་གཉེར་མཁན་སློབ་གཙོ་གཞོན་པ་”གདམ་གསེས་གདན་ཞུ་བྱེད་སྟངས་ཁྱབ་སྤེལ་གཏོང་བར་སྐུལ་འདེད་བྱེད་དགོས།