འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་3ཉིན།

༄༅།།“བོད་ཀྱི་བཙན་པོ་ཐོག་མ་འཁྲུངས་ཡུལ” ཏེ་སྤོ་བོ་རྫོང་གི་སྔ་དེང་ལ་ལྟ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་03ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། བསྐྱར་དུ་གསར་བརྗེའི་ལམ་དུ་བསྐྱོད་ནས་འཕོ་འགྱུར་ལ་ལྟ་བ།
     ཁྲོན་བོད་གཞུང་ལམ་བརྒྱུད་ནུབ་ཕྱོགས་སུ་བསྐྱོད་ན་ར་འོག་མཚོར་འབྱོར་ཞིང་། དེ་ནས་དབེན་པའི་སྐྱེད་ཚལ་ལྟ་བུའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་འབྱོར།
     ཧི་མ་ལ་ཡ་རི་རྒྱུད་ཀྱི་ཤར་དུམ་བུའི་བྱང་ཟུར་དུ་ཆགས་པའི་སྤོ་བོ་རྫོང་ནི་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་འཁྲུངས་ཡུལ་རེད། ལོ་རྒྱུས་ཡུན་རིང་ལྡན་ལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡུལ་དེར“ཀྲུང་གོའི་འཁྱགས་རོམ་མཛེས་ཤོས་ཀྱི་ཡུལ”དང་། “བོད་ཀྱི་བཙན་པོ་འཁྲུངས་ཡུལ” “ས་མཐོའི་གསོ་རླུང་ཁང”སོགས་ཀྱི་མཚན་སྙན་མང་པོ་ལྡན།
     སྤོ་བོ་རྫོང་སྲིད་གཞུང་གནས་ཡུལ་ཁྲབ་རྨོག་གྲོང་རྡལ་དེ་ཉིད་ནགས་ཚལ་གྱིས་བསྐོར་བ་དང་། བར་ལུང་གཙང་པོ་ཤར་ནས་ནུབ་ཏུ་གྲོང་ཁྱེར་དབུས་ནས་རྒྱུག་པ། གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་དུ་ཚོང་ཁང་གྲལ་སྟར་འགྲིག་པོར་གནས་པ། ཕར་འགྲོ་ཚུར་འོང་བྱེད་མཁན་མི་རྒྱུན་ཆད་རྒྱུ་མེད་ལ། ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་སུ་སྒེར་འཁོར་བཏང་ནས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་འཚང་ཁ་ཤིག་ཤིག་ཡོད།
     དམིགས་བསལ་གྱི་ས་བབ་ཆགས་ཚུལ་ལས་སྤོ་བོ་རྫོང་དེ་རྒྱལ་ལམ་318ལམ་ཐིག་ཐོག་གི་བཀྲག་མདངས་འཚེར་བའི་གྲོང་ཁྱེར་དང་གྲོང་རྡལ་ཞིག་ཏུ་གྱུར་མོད། འོན་ཀྱང་ལོ་རྒྱུས་ཐོག་དེ་གར་གངས་རིས་བསྐོར་ནས་འགྲིམ་འགྲུལ་སྟབས་མི་བདེ་བར་སྐབས་ཤིག་རིང་མི་རྣམས་ཀྱིས་སྐྱོད་པར་དཀའ་བའི་གནས་ཤིག་ཏུ་གྱུར།
     སྤོ་བོ་རྫོང་གི་འགྱུར་ལྡོག་དེ་ལོ་ངོ་70ཡི་གོང་དུ་ཞི་བས་བཅིངས་འགྲོལ་བཏང་བ་ནས་འགྲོ་འགོ་ཚུགས་ཤིང་། 1950ལོར་བོད་ཀྱི་ཆབ་མདོའི་གཡུལ་འགྱེད་རྗེས་སུ་སྤོ་བོ་ས་ཁུལ་གྱིས་མི་སྣ་བཅིངས་འགྲོལ་བཏང་ཟིན་པའི་ཆབ་མདོའི་ལྷོ་རོང་དུ་བཏང་སྟེ། བཅིངས་འགྲོལ་དམག་སྤོ་བོ་རྫོང་དུ་བཅའ་སྡོད་བྱ་རྒྱུའི་རེ་བ་བཏོན། 1951ལོའི་ཟླ་3པར་ཀྲུང་གུང་སྤོ་བོ་རྫོང་ལས་དོན་ཨུ་ལྷན་བཙུགས་པ་དང་། ཟླ་8པར་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་མེའོ་ཕི་དབྱིས་རུ་སྣེ་འཁྲིད་དེ་སྤོ་བོ་རྫོང་དུ་བཅའ་སྡོད་བྱས་རྗེས། སྤོ་བོ་དེ་ཉིད་བོད་དུ་ཏང་གི་ས་གནས་རྩ་འཛུགས་འཛུགས་སྔ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར།
     སྤོ་བོ་རྫོང་ལས་ཁུངས་ཀྱི་སྒོ་རའི་ནང་གནའ་ཉམས་དོད་ལ་བབ་ཆགས་ཤིང་བཀོད་མཛེས་ཡིད་འོང་གི་ཐོག་སོ་ཉིས་ལྡན་གྱི་སུའུ་ལུགས་ལ་དཔེ་བལྟས་ནས་འདྲ་བཟོ་བྱས་པའི་ཤིང་ཁང་ཞིག་ཡོད། སྤོ་བོ་རྫོང་དུ་བཅིངས་འགྲོལ་བཏང་མ་ཐག་པའི་ལོ་རྒྱུས་ཐོག་གི་དོན་རྐྱེན་མང་པོའི་དཔང་པོ་བྱེད་ཐུབ་པའི་ཤིང་ཁང་དེར“ཐོག་ཁང་དམར་པོ”ཞེས་བརྗོད།
     “ཐོག་ཁང་དམར་པོ་དེ་1953ལོར་བསྐྲུན་པ་དང་། དེ་སྔ་ཁམས་བོད་གཞུང་ལམ་དོ་དམ་ཅུས་ཀྱི་བཟོ་ཁུལ་བཞི་པས་ལས་བཟོའི་གཞུང་ལས་དང་ཞག་སྡོད་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ས་ཆ་དེ་རང་ནས་རྒྱུ་ཆ་བསྒྲུགས་ཏེ་བསྐྲུན་པ་ཞིག་རེད། ཕྱིས་སུ་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་གཞུང་དོན་སྒྲུབ་ས་ཡིན” སྤོ་བོ་རྫོང་རྒུ་ཤང་ཏང་ཨུད་ཀྱི་ཨུ་ཡོན་ཤང་ཀྲང་གཞོན་པ་ཀྲང་ཆིང་ཁྲུང་གིས། ཀྲུང་གུང་སྤོ་བོ་རྫོང་ལས་དོན་ཨུ་ལྷན་བཙུགས་ནས་དུས་ཚོད་གང་ལ་གང་འཚམ་ཞིག་སོང་རྗེས་ཡན་ལག་ལས་དོན་ཨུ་ལྷན་ཞེས་མིང་བསྒྱུར་པ་དང་། 1955ལོའི་ལོ་འགོར་མེད་པར་བཟོས་པ། དེ་རྗེས་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་བཙུགས་པ། དེའི་རིང་སྔ་རྗེས་སུ་ས་ཆ་མང་པོར་གཞུང་ལས་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས།
     ལོ་24ལ་སླེབས་པའི་ཀྲང་ཆིང་ཁྲུང་2016ལོར་བོད་དུ་བསྐྱོད་ནས་ལས་ཀར་ཞུགས་རྗེས། སྤོ་བོ་རྫོང་གི་གསར་བརྗེའི་ལོ་རྒྱུས་སྔོག་འདོན་དང་ལེགས་སྒྲིག་གི་ལས་འགན་འཁུར་ཞིང་། ཉེ་བའི་ལོ་4ཡི་རིང་ཁོང་གིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་དེ་སྐུ་འཚོ་བཞུགས་ཀྱི“བོད་སྐྱོད་པ་རྒན་གྲས”200ལྷག་ཙམ་བཙལ་ནས་སྐར་མ་7000ལྷག་ཟིན་པའི་བཅར་འདྲིའི་དཔྱད་གཞིའི་ཡིག་རིགས་གསོག་འཇོག་བྱས་ཡོད།
     དམིགས་བསལ་ལོ་རབས་ཀྱི་མི་དང་བྱ་བ་དེ་དག་མི་རྣམས་ཀྱི་མིག་ལམ་དུ་གསལ་ལེར་འཆར།
     མེའོ་ཕི་དབྱིས་དྲན་གསོ་བྱེད་ཀྱིན་དུ་1955ལོར་ཁྲབ་རྨོག་ཏུ“གཞུང་ལམ་རྒྱུན་ཆད་མེད་པར་ཡག་ཏུ་ཕྱིན་པ་དང་ཆབས་ཅིག ཁྲབ་རྨོག་འདི་ཉིད་དངོས་ཟོག་བརྒྱུད་འདྲེན་དང་ཨར་སྐྲུན་བཀོད་འདོམས་ཀྱི་ལྟེ་བར་གྱུར་ནས་ཚོང་དོན་ཀུང་སི་དང་དངུལ་ཁང་སོགས་དེ་གར་བཙུགས་པ་བརྒྱུད། ཚོང་པ་དང་འགྲུལ་པ་རིམ་བཞིན་མང་དུ་ཕྱིན། ལོ་མཇུག་ཏུ་གཞུང་ལམ་ལྷ་ས་བར་ཤར་གཏོང་ཐུབ་པའི་སྔ་རྗེས་སུ་ཁྲབ་རྨོག་ཅེས་པའི་སྔོན་ཆད་ས་བཀྲའི་ཐོག་མིང་མེད་པའི་ས་ཆ་དེར་སྔར་ན་མེད་པའི་དར་རྒྱས་གོང་འཕེལ་བྱུང་སོང”ཞེས་བཤད་བྱུང་།
     ཐོག་ཁང་དམར་པོའི་ནང་ལངས་ནས་ལྟ་སྐབས། གཞོགས་གཉིས་ཀྱི་ཁང་པའི་ནང་ལོ་རྒྱུས་ཀྱི་འདྲ་པར་འབོར་ཆེན་དང་རྩ་ཆེའི་དངོས་པོ་ཁག་གཅིག་བཤམས་ནས། འཕོ་འགྱུར་ཆེ་བའི་ལོ་རྒྱུས་དུམ་བུ་དེ་གསོན་ཉམས་དོད་པོས་མཚོན་པར་བྱས་པ་མཐོང་བྱུང་།
     སྤོ་བོར་བཅིངས་འགྲོལ་བཏང་རྗེས་སྤོ་བོ(ཡན་ལག)ལས་དོན་ཨུ་ལྷན་དང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱིས་དྲིལ་བསྒྲགས་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཤུགས་ཆེན་སྤེལ་བ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་སྒྲིག་འཛུགས་བྱས་པ། མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་བྱས་པ། བོད་སྐད་ཡིག་སློབ་སྦྱོང་བྱས་པ། ཡུན་རིང་གི་བོད་སྐྲུན་བསམ་བློ་བཙུགས་པ། གསར་སྦོལ་བྱས་ནས་ཐོན་སྐྱེད་བྱས་པ། གཟབ་ནན་བརྟན་བགྲོད་ཀྱིས་ལས་དོན་སྤེལ་བར་རྒྱ་ཆེའི་བོད་རིགས་མི་དམངས་ཀྱི་ཡིད་ཆེས་ཐོབ།
     1959ལོའི་ཟླ་9པར་ཀྲུང་གུང་སྤོ་བོ་རྫོང་ཨུད་དངོས་སུ་བཙུགས་པ་དང་། དེ་ནས་བཟུང་སྤོ་བོ་འཕེལ་རྒྱས་ཀྱི་དུས་སྐབས་གསར་ཤོས་སུ་སླེབས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ལོ་ངོ་60ལྷག་ཙམ་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་སྤོ་བོ་རྫོང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བྱ་གཞག་ཁག་བཅས་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར།
     ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཐོན་ལས་འཕེལ་རྒྱས་གཏོང་རིང་མང་ཚོགས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་ཡོད།
     རྒུ་ཤང་བཤོལ་བ་ཁ་གྲོང་ཚོའི་སྐས་ཞིང་ནང་གསར་དུ་བཏབ་པའི་ཇ་ཤིང་ནས་མྱུ་གུ་གསར་པ་འབུས་ཤིང་། ལོ་32ལ་སླེབས་པའི་ཡུལ་མི་བསོད་ནམས་སྒྲོལ་མས། དེ་སྔོན་ངས་ནས་དང་མ་རྨོས་ལོ་ཏོག་བཏབ་པའི་ཐོག རི་སྐྱེས་སྡོང་ཕུང་དང་དབྱར་རྩྭ་དགུན་འབུ་འཐུ་བསྡུ་བྱས་པ་ལས་ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག ད་ཆ་ཁོང་ཁྱིམ་གྱི་ས་ཞིང་མུའུ་20ཞིང་ལས་ཚན་རྩལ་ཀུང་སིར་བརྒྱུད་བཤུག་བཏང་བའི་ཁར། ཁོ་མོ་ཡང་ཀུང་སིའི་ཇ་ཞིང་དུ་ཇ་ཤིང་ལ་དོ་དམ་བྱེད་པར་གདན་དྲངས་པར་ཟླ་རེར་གླ་ཆ་སྒོར་6000ལེན་རྒྱུ་ཡོད་པ་རེད།
     ཁོ་མོས་གྲོང་ཚོ་ཡོངས་སུ་ང་དང་འདྲ་བའི་ཀུང་སིར་ལས་ཀ་བྱེད་མཁན་མི་32ཡོད། ཚང་མའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་གི་འདུག་ཅེས་བཤད།
     སྤོ་བོ་འཕེལ་རྒྱས་བྱུང་བ་དེས་ཁྲོམ་རའི་བྱེད་པོ་དེ་བས་མང་བ་དེ་གར་མ་འཇོག་བྱས་ནས་བྱ་གཞག་གཉེར་བར་ཡོང་བའི་ཡིད་དབང་བཀུག
     སྤོ་བོའི་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་དང་རང་བྱུང་ཁོར་ཡུག་ཡུན་ནན་ནས་ཡིན་པའི་འབུམ་རམས་པ་ཁྲོའུ་ཆོན་ལེ་ཡི་བློ་ལ་བབས་ཤིང་། ཁོང་གིས་སྔ་རྗེས་སུ་སྒོར་ཁྲི་2800ལྷག་ཙམ་བཏང་སྟེ་སྤོ་བོའི་སྡོང་ཕུང་ཐོན་ལས་འཕེལ་རྒྱས་བཏང་ནས། ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོ་དང་མཐའ་འཁོར་གྱི་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་209.8ཡོང་བ་བྱས་ཡོད།
     “ང་ཚོས་ཀུང་སི+མཉམ་ལས་ཁང+ཞིང་དུད་བཅས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་འབྲོག་པར་འཕྲད་པའི་ཆེད་ལས་ལག་རྩལ་དང་ཁྲོམ་རའི་ཉེན་ཡོད་གནད་དོན་ཐག་གཅོད་ཀྱིས་སྡོང་ཕུང་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་དེ་བས་ཡག་པའི་ཁྲོམ་རར་འདོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
     སྤོ་བོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུན་ཆའོ་ཡིས། མིག་སྔར་སྤོ་བོ་རྫོང་དུ་བོད་ཕག་དང་། བཞོན་མ་གསོ་ཚགས། སྡོང་ཕུང་། ཇ་ར་སོགས་ཀྱི་ཐོན་ལས་བཀོད་སྒྲིག་བྱས་ཡོད། སླད་ཕྱིན་རི་སྐྱེས་ཐོན་ཁུངས་དེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་སུ་འཕེལ་རྒྱས་གཏོང་རྒྱུ་དང་སྦྲགས། རྫོང་ཡོངས་ཀྱི་ཤང་གྲོང་10དང་སྲིད་འཛིན་གྲོང་ཚོ་84ལ་ཁྱབ་པའང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།
     ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ལོ་མཇུག་ཏུ། སྤོ་བོ་རྫོང་གི་གྲོང་གསེབ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20703དང་སྒོར་36480སོ་སོར་ཟིན་ཡོད།
     དུས་ཚོད་ནི་ཡུད་ཙམ་ཞིག་ལ་འདས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་སྤྱིར་བཏང་མིན་པའི་ལོ་ཟླ་འགྲིམ་མྱོང་བའི་སྤོ་བོ་ཉིན་རེ་ལས་མ་འདས་པར་དབྱར་མཚོ་རྒྱས་པ་ལྟར་གྱི་གོང་འཕེལ་འགྲོ་བཞིན་ཡོད་ལ། ཐོག་ཁང་དམར་པོ་དེའང་ད་ཆ་རྫོང་གྲོང་གི་མངོན་གསལ་དོད་ཤོས་ཀྱི་འཛུགས་སྐྲུན་ཞིག་མིན་མོད། འོན་ཀྱང་གསར་བརྗེའི་གཏམ་རྒྱུད་ནམ་ཡང་ཚར་དུས་མེད་ལ་དེ་ལས་འཕྲོ་བའི་སྙིང་སྟོབས་ཀྱི་འོད་སྣང་ནམ་ཡང་རྫོགས་དུས་མེད།