འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་1ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་01ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
   ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ། ལི་ཁེ་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ། དབང་དབྱང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་ངོས་འཛིན་ཡང་དག་བྱས་ཏེ་བསམ་བློ་དང་བྱ་སྤྱོད་མིག་སྔའི་དཔལ་འབྱོར་དུས་བབ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དབྱེ་ཞིབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། གཞི་རིམ་དུ་མང་ཙམ་བསྐྱོད་དེ་ཐབས་ཇུས་འདྲི་བ་དང་། གནད་དོན་ཆུང་ཙག་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ་ཆུང་བའི་ཁྲོད་ནས་ཆེ་བ་མཐོང་བར་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ལས་དམ་ཟབ་བྱེད་མཁན་ཏང་ཕྱིའི་མི་སྣ་རྒན་གྲས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ལི་ཁེ་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་བ་རེད།
   བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པ་ཞིག་འདུག སླད་ཕྱིན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། གཡས་གཞོགས་གཡོན་འདེགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོ་ཚུན་དུ་ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། གཞི་ཆེའི་སྲིད་ཇུས་ལག་བསྟར་ནུས་ལྡན། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བཅས་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་ཡག་པོ་ཞིག་བཏོད་པ་དང་ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ལོ་སྟོད་དུ་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ། མི་སེམས་གཅིག་སྒྲིལ་དང་། འཕེལ་རྒྱས་ལ་སྐུལ་འདེད། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱས་ཡོད། བློ་མཐུན་ཚོས་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ཧྲང་ཧའེ་དང་ཀྲེ་ཅང་གི་ཅ་ཤིང་དུ་གསར་བརྗེའི་རྗེས་ཤུལ་འཚོལ་ཞིབ་བྱེད་པར་བསྐྱོད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10ལྷག་ཙམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་ནས་སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པར་གྲུབ་ནས། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་ཇུས་བསྟར་ནུས་ལྡན་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་དང་། རེས་སྐོར་གསར་པའི་ཆེད་དོན་དམངས་གཙོའི་ལྟ་སྐུལ་ལས་དོན་བཀོད་སྒྲིག་དང་སྤེལ་འགོ་བཙུགས་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་ནས་ལྟ་སྐུལ་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་རམ་འདེགས་བྱས་པ། “ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་འགོ་བཙུགས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཏེ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཁོངས་གཏོགས་ཚོང་ཚོགས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་ཚང་མས་གཏམ་བཤད་གནང་རིང་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། མིག་སྔའི་དཔལ་འབྱོར་དུས་བབ་ངོས་འཛིན་ཡང་དག་བྱ་རྒྱུ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་སའི་རང་བཞིན་དང་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་པར། ང་ཚོས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་འཕེལ་རྒྱས་ཁོར་ཡུག་གི་འགྱུར་ལྡོག་གསར་པ་དང་འགྲན་སློང་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེན་པོ་དང་ལེགས་ཆ་དེ་བས་མང་པོ་ཡོད་པས། ལོ་སྟོད་ཀྱི་འཕེལ་ཕྱོགས་ཡག་པོའི་རྨང་གཞིའི་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཆ་རྐྱེན་ཡོད། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཁར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་པོ་དང་། གནད་ལ་འཕིགས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་ཆེའི་སྲིད་ཇུས་དུས་འཁོར་བརྒལ་ནས་སྙོམས་སྒྲིག་ཡག་པོ་བྱེད་པ། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེ་མཐའ་འཁྱོངས་བྱེད་པ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ལས་དོན་སྤྱི་འདོམས་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྤེལ་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱེད་པ། དམངས་འཚོ་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ཡག་པོ་བཅས་བྱེད་དགོས། གེགས་འགོག་གེགས་སེལ་དང་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ནས་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་གཏོང་མི་རུང་བ་དང་ལྷག་པར་དུ་རིམས་ནད་ཕྱི་ནས་མ་འགོ་བ་བྱེད་པའི་ཐད་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།