འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་30ཉིན།

༄༅།།ལོ་སྟོད་དུ་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བརྟན་ལ་ཅུང་མགྱོགས་པའི་ངང་འཕར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་30ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་66.9%འཕར་བ་དེ་2019ལོའི་དུས་མཚུངས་ལས་45.5%འཕར་བ་དང་། ལོ་གཉིས་ནང་ཆ་སྙོམས་20.6%(2019ལོའི་དུས་མཚུངས་ཀྱི་གྲངས་ཀ་གཞི་གྲངས་སུ་བྱས་ནས་དབྱིབས་རྩིས་ཀྱི་ཆ་སྙོམས་ཐབས་ཤེས་སྤྱད་དེ་རྩིས་བརྒྱབ་པ)འཕར་ནས་ཅུང་མགྱོགས་པའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་དུས་ཚིགས་གཉིས་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་36.0%འཕར་བ་དེ་2019ལོའི་དུས་མཚུངས་ལས་42.5%འཕར་བ་དང་ལོ་གཉིས་ནང་ཆ་སྙོམས་འཕར་ཚད་19.4%ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
   “ལོ་སྟོད་དུ་རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་བརྟན་གཏོང་དང་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་བསྟུན་ནས་བཟོ་ལས་ཐོན་སྐྱེད་ཀྱི་དགོས་མཁོ་བརྟན་པོའི་ངང་སླར་གསོ་བྱུང་བ། ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་ཏེ། ཁེ་ལས་ཀྱི་ཁེ་སྤོགས་བརྟན་པོའི་ངང་མགྱོགས་མྱུར་འཕར་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་བཟོ་ལས་སིའི་མཐོ་རིམ་བསྡོམས་རྩིས་པ་ཀྲུའུ་ཧུང་གིས་བཤད།
   ལས་རིགས་བཅུ་ཆ་བདུན་ཙམ་གྱི་ཁེ་སྤོགས་རིམས་ནད་མ་ཐོན་གོང་གི་ཆུ་ཚད་ལས་བརྒལ་ཡོད། ལོ་སྟོད་དུ་བཟོ་ལས་རིགས་ཆེ་གྲས་ཀྱི་ལས་རིགས་41ནང་ལས་རིགས་40ཡི་ཁེ་སྤོགས་དུས་མཚུངས་ལས་འཕར་བ(ཡང་ན་གུན་སེལ་ཁེ་སྒྱུར་བྱུང་བ)དང་། ལས་རིགས་1དུས་མཚུངས་དང་མཉམ་ཡོད།
   ལག་རྩལ་མཐོ་གྲས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ལོ་སྟོད་དུ་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་62.0%འཕར་བ་དང་། ལོ་གཉིས་ནང་ཆ་སྙོམས་36.2%འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་15.6གིས་མགྱོགས་པ་བྱུང་ཡོད།
   འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་སླར་གསོ་བྱུང་ཡོད། ལོ་སྟོད་དུ་འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་38.6%འཕར་བ་དང་། ལོ་གཉིས་ནང་ཆ་སྙོམས་འཕར་ཚད་17.0%ཟིན་ནས་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.6གིས་མགྱོགས་པ་བྱུང་སྟེ་སླར་གསོ་ཐུབ་ཚུལ་སྔར་བས་བརྟན་དུ་འགྲོ་བཞིན་ཡོད་པ་རེད།