འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་29ཉིན།

༄༅།།ས་མཐོར་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་ཏང་དར།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་29ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   བོད་ལྗོངས་མངའ་རིས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། དེ་ནི་བྱང་སྣེ་དང་ལྷོ་སྣེ་ཕུད་པའི་མིང་དོན་མཚུངས་པའི“གླིང་སྣེ་གསུམ་པ”རེད། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་ངལ་ལ་མི་སྐྲག་པ། ས་བབ་མཐོ་ཡང་གནས་ཚད་དེ་བས་མཐོ་བ་ཡོད། ཁོང་ཚོས་རང་འཁྲིའི་ལས་ལ་ཧུར་ཐག་གཞོལ་ཏེ་ཏང་དར་གངས་ལྗོངས་ས་མཐོར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ནས་བཀྲག་མདངས་འཚེར་ས་ཞིག་ཏུ་འགྱུར་བར་བྱས་པ་རེད།
    “འཚོ་བ་ཡག་པོ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད”
    མངའ་རིས་ཀྱི་སེང་གེ་ཁ་འབབ་གྲོང་རྡལ་ནས་རླངས་འཁོར་ལ་ཆུ་ཚོད་གཅིག་ལྷག་ཙམ་བསྡད་རྗེས་གསར་འགོད་པ་དགེ་རྒྱས་རྫོང་གི་ཐད་གཏོགས་མཛོད་ཁང་གི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་འབྱོར།
    “དུས་རབས་20པའི་ལོ་རབས་50པའི་ལོ་སྟོད་དུ་གུར་3དང་བྲག་ཕུག་10རྨང་གཞིར་བྱས་ནས་འདི་གར་མངའ་རིས་ས་ཁུལ་གྱིས་ཐད་ཀར་དོ་དམ་བྱེད་པའི་གྲབས་གསོག་མཛོད་ཁང་ལ་རིམ་བཞིན་གྱུར་པ་དང་དངོས་ཟོག་གྲབས་གསོག་དང་འཕྲལ་སྡོམ་གེགས་སེལ་སོགས་ཀྱི་འགན་ནུས་གཙོ་བོ་འཁུར་བཞིན་ཡོད”ཅེས་ལོ་70ལྷག་ཙམ་ལ་སླེབས་པའི་རྒད་པོ་འགྱུར་མེད་ཀྱིས་ལྟ་སྐོར་བ་ཚོར་འདི་གའི་ལོ་རྒྱུས་བརྗོད།
    རྒད་པོས་སྤྱི་ཚོགས་རྙིང་སྐབས་ང་སྐྱེ་ཁུངས་ཞིང་བྲན་ཡིན། ཞི་བས་བཅིངས་འགྲོལ་བཏང་རྗེས་དགེ་རྒྱས་རྫོང་དུ་བཅིངས་འགྲོལ་དམག་སླེབས་སོང་། བཅིངས་འགྲོལ་དམག་གིས་རང་ཉིད་ལྟོས་གྲོད་པ་མི་རྒྱགས་ཀྱང་ཟས་རིགས་ང་ཚོའི་གྲོང་ཚོའི་ནང་གི་ཕྲུ་གུ་ཚོར་བགོ་བཤའ་རྒྱག་གི་འདུག སྐབས་དེ་དུས་ངའི་བསམ་པར་བཅིངས་འགྲོལ་དམག་ཚང་མ་སེམས་བཟང་ཅན་རེད་འདུག་སྙམ་ནས་ཏང་གི་རྗེས་སུ་འབྲང་རྒྱུའི་སེམས་ཐག་བཅད་པ་ཡིན། ཕྱིས་སུ་ང་ཀྲུང་གོ་གུང་ཁྲན་ཏང་ལ་གཟི་བརྗིད་ལྡན་པའི་ངང་ཞུགས་པ་ཡིན་ཞེས་གསར་འགོད་པར་བཤད།
    ལོ་ཤས་གོང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་དུ་དགེ་རྒྱས་རྫོང་གིས་བཏོད་པའི་ཐད་གཏོགས་མཛོད་ཁང་གི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དངོས་སུ་སྒོ་ཕྱེ་བ་རེད། རྒད་པོས་གནས་ཚུལ་དེ་ཐོས་འཕྲལ་ཚེ་མཇུག་བདེ་ལ་རོལ་རྒྱུ་བློས་བཏང་ནས་རང་འགུལ་ངང་ལས་ཀར་འགྲོ་རྒྱུའི་འདུན་པ་ཡོད་ལུགས་བརྗོད་པ་མ་ཟད། མཐར་ཁོང་གི་བསམ་ཚུལ་ལྟར་རྟེན་གཞིའི་དོ་དམ་པ་དང་འགྲེལ་བཤད་པར་གྱུར། ད་ཆ་ཁོང་མཚན་མོར་ཡང་རྟེན་གཞིར་སྡོད་ཀྱི་ཡོད།
     འདི་གར་ཡོང་དོན་གང་ཡིན་ནམ་ཞེས་འདྲི་སྐབས། བྲང་ཁར་ཏང་རྟགས་བཏགས་པའི་འགྱུར་མེད་ཀྱིས་ང་ལས་ཀ་འདིར་ཧ་ཅང་དགའ་པོ་འདུག ངས་གསར་བརྗེའི་ལོ་རྒྱུས་དེ་དག་གཞོན་ནུ་ལོ་ཆུང་དེ་བས་མང་བར་ཤོད་འདོད་འདུག་ཅེས་བཤད།
    འགྱུར་མེད་ཀྱིས“གཟུགས་པོ་ཐང་པོ་བྱུང་ན་ང་འདི་གར་རྦད་དེ་སྡོད་ཀྱི་ཡིན། འགྲེལ་བཤད་རྒྱག་མི་ཐུབ་བར་སྡོད་ཀྱི་ཡིན། ངས་ན་གཞོན་ཚོར་བོད་གསར་རྙིང་གི་བསྡུར་བ་བརྗོད་ནས་ཁོང་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ད་དུང་ཁོང་ཚོར་ལོ་ན་ཆུང་དུས་དཀའ་ལས་མང་ཙམ་རྒྱག་དགོས། བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཤེས་སུ་འཇུག་གི་ཡིན”ཞེས་བཤད།
   “སྔོན་གཤེགས་དཔའ་བོའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས”
    ཟླ་བདུན་པར་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུས་ངེས་མེད་ངང་དུར་ཕྱག་བྱེད་པར་ཡོང་མཁན་འདུག
    བང་སོའི་སྐྱེད་ཚལ་དུ་བང་སོ་97ནི་བོད་སྐྱོད་སྔོན་སྐྱོད་ལེན་གྱི་སྔོན་གཤེགས་དཔའ་བོ་63དང་ཁུང་ཧྥན་སེན་སོགས་མངའ་རིས་འཛུགས་སྐྲུན་བྱེད་རིང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་34ཡིན།
   འདི་ནས་གསར་འགོད་པར“བང་སོ་སྲུང་མཁན”བཀྲ་ཤིས་རྒྱ་མཚོ་ཐུག
   2007ལོར་ལོ་30ལ་སླེབས་པའི་ཏང་ཡོན་བཀྲ་ཤིས་རྒྱ་མཚོ་དེ་གའི“བང་སོ་སྲུང་མཁན”ལ་གྱུར། ཁོང་གིས་ལོ་བཅུ་གྲངས་ཉིན་གཅིག་ལྟར་དུར་ཁུང་ལ་བརྟག་དཔྱད་དང་དུར་ས་97རེ་རེ་བཞིན་ལ་དུར་ཕྱག་བྱེད་ཀྱི་ཡོད།
    “ལོ་འདི་དག་རིང་ལས་ཀ་གཞན་དག་བརྗེ་འདོད་ཀྱི་བསམ་བློ་འཁོར་མྱོང་ངམ”ཞེས་གསར་འགོད་པས་སྐད་ཆ་འདྲི་སྐབས།
    བཀྲ་ཤིས་རྒྱ་མཚོས“མ་མྱོང་། ང་རང་ལས་ཀ་འདིར་ཧ་ཅང་དགའ་པོ་ཡོད། སྔོན་གཤེགས་དཔའ་བོ་ཚོ་ནི་མངའ་རིས་བཅིངས་འགྲོལ་དང་མངའ་རིས་ཀྱི་འཛུགས་སྐྲུན་ཆེད་དུ་རང་སྲོག་བློས་གཏོང་མཁན་ཤ་སྟག་རེད། ཁོང་ཚོ་འདི་གར་དུར་འཇུག་བྱས་ཡོད་པས་ངས་སྔོན་གཤེགས་དཔའ་བོ་ཚོའི་དུར་ས་ཡག་པོ་སྲུང་གི་ཡིན། དེ་ནི་ངའི་འོས་འགན་རེད”ཅེས་བཤད།
    བཀྲ་ཤིས་རྒྱ་མཚོས་འདི་ལོ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་རིང་འདི་གར་དུར་ཕྱག་བྱེད་པར་ཡོང་མཁན་མང་པོ་འདུག མི་དེ་བས་མང་བས་སྔོན་གཤེགས་དཔའ་བོ་ཚོའི་བྱས་རྗེས་ལ་རྒྱུས་མངའ་ཡོང་བ་བྱས་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད།
    “ཏང་གི་ཆེད་དུ་རང་ནུས་ལྷག་མ་མང་ཙམ་འདོན་རྒྱུ་ཡིན”
    གསར་འགོད་པ་རུ་ཐོག་རྫོང་རུ་ཐོག་གྲོང་རྡལ་རེ་ཅོ་གྲོང་ཚོར་སླེབས་སྐབས་ལོ་80ལྷག་ཙམ་ལ་སླེབས་པའི་ཏང་ཡོན་རྒན་གྲས་ཚེ་དཔལ་གྲགས་པའི་ཁྱིམ་དུ་སྐྱོད་སྐབས་ཚོམས་ཆེན་གྱི་རྒྱ་ལྕོག་སྟེང“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་བཞག་འདུག
   རྒད་པོ་ཚེ་དཔལ་གྲགས་པས་ང་རང་ཆུང་དུས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་འཚོ་བ་སྐྱེལ་མྱོང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ང་ཚོའི་ཁྱིམ་ལ་ས་ཞིང་རག་པ་མ་ཟད། གཟི་བརྗིད་ལྡན་པའི་ངང་ཏང་ལ་ཞུགས་པ་ཡིན། དུས་རབས་20པའི་ལོ་རབས་60པར་ང་རང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་གྱུར་ཏེ། གྲོང་མི་ཚོའི་སྣེ་ཁྲིད་དེ་ནས་ཞིང་འདེབས་འཛུགས་དང་སྡོང་ཕྲུག་བཙུགས་པ་ཡིན། ད་ཆ་སྡོང་ཕྲུག་ར་བ་གྲོང་ཚོའི་མཉམ་སྡེབ་ཀྱི་ཀ་རྟེན་ཐོན་ལས་སུ་གྱུར་པ་དང་གྲོང་མི་ཚོ་ཡང་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་ཡོད་ཅེས་བཤད།
    ཚེ་དཔལ་གྲགས་པས་ལོ་འདི་དག་རིང་ཏང་གི་ཐུགས་ཁུར་འོག་ང་རང་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། བརྙན་འཕྲིན་ཡང་ལྟ་རྒྱུ་བྱུང་ཞེས་བཤད། གསར་འགོད་པས་ཁོང་ལ་ལེ་ཚན་གང་ཞིག་ལྟ་རྒྱུར་དགའ་པོ་ཡོད་དམ་ཞེས་འདྲི་སྐབས། ཁོང་གིས་གསར་འགྱུར་ལྟ་རྒྱུར་དགའ་པོ་ཡོད། ཀྲུང་དབྱང་དང་བོད་ཀྱི་གསར་འགྱུར་གཉིས་ཀ་ལྟ་རྒྱུར་དགའ་པོ་ཡོད་ཅེས་བཤད།