འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་28ཉིན།

༄༅།།《2021ལོའི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་སྙན་ཞུ》བཀྲམ་པ།

མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་སྟོན་གྲངས་དུས་མཚུངས་ལས་54.2%འཕར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་28ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་དངུལ་ལོར་ཞིབ་འཇུག་གིས་ཉེ་ཆར་བཀྲམ་པའི《2021ལོའི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་སྙན་ཞུའི》ནང་མངོན་གསལ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་སྟོན་གྲངས(RII)5.02ཟིན་པ་དེ་དུས་མཚུངས་ལས་54.2%ཤུགས་ཆེན་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
    《སྙན་ཞུའི》ནང་དབྱེ་ཞིབ་བྱས་དོན། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་སྟོན་གྲངས་ཤུགས་ཆེན་འཕར་དོན་ནི་མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱིའི་ཚོང་དོན་རིན་གོང་རྩིས་རྒྱག་གི་འགན་ནུས་མུ་མཐུད་སྲ་བརྟན་དང་། མི་དམངས་ཤོག་སྒོར་གྱི་དངུལ་རྩའི་ཉོ་ཚོང་གི་འགན་ནུས་མངོན་གསལ་འཕར་བ། མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱིའི་གསོག་འཇོག་འགན་ནུས་སྔར་བས་མངོན་པ་བཅས་ལས་བྱུང་བ་ཞིག་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོར་རྒྱུན་གཏན་རྣམ་གྲངས་འོག་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་གྱི་མི་དམངས་ཤོག་སྒོར་གྱི་རྩིས་རྒྱག་མ་དངུལ་སྒོར་དུང་ཕྱུར་ཁྲི་6.77ཟིན་པ་དེ་དུས་མཚུངས་ལས་12.09%འཕར་བ་དང་། དེས་རང་རྒྱལ་གྱིས་ཕྱི་ཕྱོགས་ཚོང་ཟོག་དང་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་གྱི་18.44%བཟུང་བ་དང་། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་རྒྱལ་སྤྱིའི་ཚོང་དོན་གྱི་མི་དམངས་ཤོག་སྒོར་རྩིས་རྒྱག་ཐོབ་སྐལ་2.91%ཟིན་པ་དེ་ལོ་གོང་མ་ལས་18.40%འཕར་ཡོད། མིག་སྔར་མངའ་ཁོངས་ཕྱིའི་ལྟེ་བའི་དངུལ་ཁང་གི་སྒྲིག་གཞི་70ལྷག་ཙམ་རང་རྒྱལ་དངུལ་ཁང་གི་བུན་འཛིན་ཁྲོམ་རར་ཞུགས་པ་དང་རྒྱལ་ཁབ་དང་ས་ཁུལ་75ལྷག་ཙམ་གྱི་དངུལ་ལོར་དབང་འཛིན་ལས་ཁུངས་ཀྱིས་མི་དམངས་ཤོག་སྒོར་འདི་ཉིད་ཕྱི་དངུལ་གསོག་འཇོག་བྱ་ཡུལ་དུ་བཅུག་ཡོད།