འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་23ཉིན།

༄༅།།ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་འཁྲབ་ཁྲིད་པ་ལས་གནས་ནས་ཕྱིར་འབུད་བྱས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་23ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་འཁྲབ་ཁྲིད་པ་ལས་གནས་ནས་ཕྱིར་འབུད་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་དོན། ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོའི་འཁྲབ་ཁྲིད་པ་ཞའོ་ལིན་ཞན་ཐའེ་ལང་ལས་གནས་ལས་ཕྱིར་འབུད་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞའོ་ལིན་ཞན་ཐའེ་ལང་ལས་གནས་ནས་ཕྱིར་འབུད་བྱས་པའི་རྒྱུ་མཚན་ནི་ཁོས་དགོད་བྲོ་བའི་འཁྲབ་ཚན་ཐུང་ངུ་ཞིག་པར་ལེན་བྱས་པའི་ནང་ཡིའུ་ཐའེ་བ་ན་ཙིར་གྱིས་དམར་གསོད་བཏང་བའི་ལོ་རྒྱུས་དེ་ཁ་མཚར་ཞིག་ལ་བརྩིས་པ་དང་འབྲེལ་ཉེ་ཆར་ཡིའུ་ཐའེ་ཚོགས་པས་རྒོལ་གཏམ་བཏང་བས་རེད།
     ཚེས་22ཉིན་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཆའོ་པན་ཧྲེང་ཙེས་ཀྱིས་གསར་འགོད་པའི་ཚོགས་འདུའི་ཐོག“ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་མིག་མདུན་དུ་འཆར་ཉེར་ཡོད་པའི་དུས་སུ་གནས་ཚུལ་དེ་རིགས་ཐོན་ནས་འབྲེལ་ཡོད་མི་སྣ་དང་། ལྗར་པན་གྱི་རྒྱལ་དམངས། ཏུང་ཅིང་གི་མི་དམངས་བཅས་སེམས་མི་བདེ་བར་གྱུར་བས་ངས་དགོངས་དག་ཞུས་པ་ཡིན”ཞེས་བཤད་པ་རེད།
     དེ་སྔོན་ལྗར་པན་གྱི་སྨྱན་སྦྱོར་གྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཇུག་འགྲིལ་མཛད་སྒོའི་གཞས་གདངས་རྩོམ་མཁན་ཞའོ་ཧྲན་ཐེན་ཀུའེ་ཝུའུ་ཡི་སློབ་མའི་དུས་རབས་སུ་དབང་པོ་སྐྱོན་ཅན་གྱི་སློབ་གྲོགས་ལ་བརྙས་བཅོས་བྱས་པར་ལྗར་པན་སྤྱི་ཚོགས་ལས་རིགས་ཁག་གི་བློ་ཡིད་མི་ཚིམ་པ་དང་མི་ཉུང་བ་ཞིག་གིས་ཞའོ་ཧྲན་ཐེན་ཀུའེ་ཝུའུ་ཡིས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་འགན་བསྒྲུབ་རྒྱུར་མི་འཚམ་པའི་ངོས་འཛིན་བྱས་པ་མ་ཟད། འཛམ་གླིང་གི་འགྲན་བསྡུར་ནང་ཞུགས་མཁན་རྒྱལ་ཁབ་ཁག་གིས་ལྗར་པན་ལ་བཅངས་པའི་ཡིད་ཆེས་དམའ་རུ་འགྲོ་སྲིད་ཅེས་བཤད་པ་རེད། དེའི་ཐད་ཞའོ་ཧྲན་ཐེན་ཀུའེ་ཝུའུ་ཡིས་ཚེས་19ཉིན་ལས་ཁུར་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཉིན་དེར་ཞའོ་ཧྲན་ཐེན་ཀུའེ་ཝུའུ་ཡིས་ལས་ཁུར་དགོངས་ཞུའི་ཞུ་ཡིག་བདག་སྤྲོད་བྱས་པ་རེད།
     ཚེས་23ཉིན་འཚོག་ཉེར་ཡོད་པའི་ཏུང་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཆའོ་པིན་ཧྲེང་ཙིས་སྤྱི་ཡོངས་ཀྱི་ནང་དོན་ལ་བསྐྱར་དུ་དཔྱད་བསྡུར་བྱ་རྒྱུ་ཡིན་པ་མ་ཟད་ཨའོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་བདེ་བླག་ངང་སྤེལ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།