འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་19ཉིན།

༄༅།།སི་ཁྲོན་གྱི་གྲོང་གསེབ་ཀྱི་སྦྲག་སྐྱེལ་བ་ཧ་ནོ་རྡོ་རྗེས་ཁ་བ་བུ་ཡུག་ལ་མི་འཛེམས་པར་མི་སེར་ལ་ཞབས་འདེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་19ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2018ལོར་སྤེལ་བའི“སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི་སྦྲག་སྐྱེལ་བ་རྩེ་གྲ”འདེམས་པའི་བྱེད་སྒོའི་ནང་། གུང་ཁྲན་ཏང་ཡོན་ཧ་ནོ་རྡོ་རྗེ་སྤ་སེ་མཐོ་པོས་བདམས་ཐོན་བྱུང་བ་རེད། འདི་ལོ་ལོ་37ལ་སླེབས་པའི་ཧ་ནོ་རྡོ་རྗེ་ནི་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་སྦྲག་སྐྱེལ་ཙུའི་ཙུའུ་ཀྲང་ཡིན་པ་དང་གྲོང་གསེབ་ཀྱི་སྦྲག་སྐྱེལ་བ་ཞིག་ཡིན་པའི་ཁོང་གི་ངོ་གདོང་ནས་རྟག་ཏུ་འཛུམ་མདངས་མངོན་གྱི་ཡོད།
     ལོ་13གོང་། ཧ་ནོ་རྡོ་རྗེ་རྫོང་སྦྲག་སྲིད་ཡན་ལག་ཀུང་སིར་ལས་ཀར་བསྐྱོད་པ་དང་སྦྲག་ལམ་3གྱི་སྦྲག་སྐྱེལ་ལས་འགན་ཁུར་ཡོད། དེ་སྔ་དམར་དམག་རྒྱང་སྐྱོང་བྱེད་སའི་རྩྭ་ཐང་དེའི་ཐོག་ཧ་ནོ་རྡོ་རྗེས་ཀྱང་མི་གཅིག་གི“རྒྱང་སྐྱོད”ལམ་བུར་གཟའ་འཁོར་རེར་ཆ་སྙོམས་སྤྱི་ལེ་1080ཙམ་དང་། ཟླ་བ་རེར་སྤྱི་ལེ་4300ལྷག་ཙམ། ལོ་རེར་སྤྱི་ལེ་ཁྲི་5ལྷག་ཙམ་བསྐྱོད་ཡོད། ཁོང་གི་སྦྲག་སྐྱེལ་རླངས་འཁོར་མཛོད་དགེ་རྫོང་གི་གྲོང་གསེབ་འབྲོག་ཁུལ་ཚང་མར་བསྐྱོད་དེ་འབྲོག་ཁུལ་དང་ཕྱི་ཕྱོགས་དབར་འབྲེལ་ཟམ་ཞིག་བཙུགས་ཡོད།
     མཛོད་དགེ་རྫོང་ས་རྒྱ་ཆེ་ལ་མི་ཉུང་བ་དང་རྫོང་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་གྱི་ཡོད། ས་མཐོའི་འབྲོག་ཁུལ་གྱི་གྲོང་གསེབ་ཏུ་ལམ་བུ་བསྐྲུན་འགོར་བ་དང་། ལམ་དུམ་ཁག་གཅིག་གི་འགྲོ་སྐྱོད་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པ་རེད། དཔལ་སྐྱིད་ཡུལ་ཚོ་ནས་བབ་བཟོ་ཡུལ་ཚོའི་དབར་ལམ་ཐག་སྤྱི་ལེ་30ཙམ་ལས་མེད་རུང་ཧ་ནོ་རྡོ་རྗེ་རླངས་འཁོར་བཏང་ནས་ཆུ་ཚོད་གཉིས་ལྷག་ཙམ་སྐྱོད་དགོས་ཀྱི་ཡོད།
     ཐེངས་ཤིག ཧ་ནོ་རྡོ་རྗེས་ཁ་བ་ལྷབ་ལྷུབ་ཏུ་འབབ་རུང་སྦྲག་དངོས་སྐྱེལ་བར་བསྐྱོད་པས་རླངས་འཁོར་གྱི་ཤེལ་སྒོར་འཁྱག་པ་ཐེབས། ཁོང་གིས་མདུན་ཕྱོགས་སུ་ཡུད་ཙམ་བསྐྱོད་རྗེས་རླངས་འཁོར་ཁ་བཀག་ནས་ཤེལ་སྒོའི་ཐོག་གི་གངས་འཕྱིས་པ་དང་དེ་རྗེས་སླར་ཡང་མདུན་ཕྱོགས་སུ་བསྐྱོད་མཐར་སྤྱི་ལེ་10ལྷག་ཙམ་གྱི་ལམ་ཐག་ལ་ཆུ་ཚོད་གཅིག་ལྷག་ཙམ་འགོར་ཡོད་པ་རེད།
     ཧ་ནོ་རྡོ་རྗེས“དབྱར་ཁར་སྣང་དག་མི་འདུག དགུན་ཁར་དཀའ་ལས་ཁག་པོ་འདུག”ཅེས་བཤད། མཛོད་དགེར་ལོ་གཅིག་ནང་ལོ་ཕྱེད་ཙམ་གངས་འབབ་ཀྱི་ཡོད་པ་དང་དགུན་ཁ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ལ་སླེབས་ཀྱི་ཡོད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་གྲང་རླུང་འུར་འུར་དུ་ལྡང་བ་དང་འགྲོ་ལམ་ཐོག་གངས་གསོག་ཐེབས་པ་དང་འཁྱག་པ་བརྒྱབ་ནས་རླངས་འཁོར་རྟག་ཏུ་འདྲེད་བརྡར་ཤོར་བའམ་ཡང་ན་གངས་ནང་ལྷུང་བ་སོགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཧ་ནོ་རྡོ་རྗེས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད།
     ཉེ་བའི་ལོ་ཤས་རིང་དྲ་ཐོག་ཉོ་སྒྲུབ་རྩྭ་ཐང་ཐོག་ཏུ་དར་བཟོ་བྱུང་རྗེས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་དྲ་ཐོག་ཚོང་ཁང་གི་བསྐུར་མ་ཇེ་མང་དུ་སོང་། ཉེ་འགྲམ་ཤང་གྲོང་གི་ཡུལ་མི་སྤུན་ཟླ་ཚོ་དྲ་ཚུགས་སུ་བསྐུར་མ་ལེན་པར་ཡོང་བ་མཐོང་སྐབས་ཧ་ནོ་རྡོ་རྗེ་ཧ་ཅང་དགའ་པོ་ཡོང་གི་ཡོད།
     ཧ་ནོ་རྡོ་རྗེས“ང་སྦྲག་སྐྱེལ་བ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ལས་ཀ་འདི་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་པ་ངས་ཤེས་ཀྱི་འདུག་པས་མུ་མཐུད་རྒྱུན་འཁྱོངས་བྱེད་ཀྱི་ཡིན”ཞེས་བཤད།