འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་14ཉིན།

༄༅།།ཆུ་དྭངས་མཚོ་འཇམ་རྒྱལ་ཁམས་བདེ་བར་འགོད་པའི་ཆེད།

—— ཞི་ཅིན་ཕིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་འགོ་ཁྲིད་གནང་བའི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་14ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ནཌ་ཁྲོད་སྟག་མོ་ཡོད་པ་ཤེས་ན་ཡང་། ནགས་ཀྱི་ཁྲོད་དུ་བསྐྱོད་པར་ཇི་མི་སྙམ་པའི་བློ་རྩ་བརྟན་པོར་བརྟེན་ནས་ཤུགས་ཚད་དང། ཁྱབ་ཚད། གཏིང་ཚད་བཅས་སྔར་ན་མེད་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བརྟེན་ནས་སྤྱོད་གཙང་དང་གཞུང་དྲང་གི་རྣམ་པ་བཟང་པོ་བཏོད་པ་དང་ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་འགན་ལེན་བརྟན་པོ་བྱས་ཡོད།
    གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་བྱུང་བ།
   “གཏན་འབེབས་དོན་ཚན་བརྒྱད”དང་འདྲ་བའི་ཆབ་སྲིད་ཀྱི་ཐ་སྙད་གཅིག་གིས་ཀྲུང་གོར་འགྱུར་ལྡོག་ཟབ་མོ་འདི་འདྲ་བྱུང་བ་ཧ་ཅང་དཀོན་པོ་རེད།
    2012ལོའི་ཟླ་12ཚེས་4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
    ཚོགས་འདུ་དེའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཁས་ལེན་དང་འབོད་སྐུལ་འདི་ལྟར་གནང་བ་སྟེ།
   “ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པར་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་དགོས། འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་པར་སྔོན་ལ་ཀྲུང་དབྱང་གི་འགོ་ཁྲིད་ནས་འགོ་འཛུགས་དགོས། དེ་ནི་ཆུ་འགོ་འདྲོང་ན་ཆུ་གཞུག་ལས་ཀྱིས་འདྲོང་ཞེས་པ་ལྟར་རེད”
    དེ་ཉིད་འཇུག་གཞི་དང་སྐུལ་སློང་གི་བཀའ་རྒྱར་བྱས་ཏེ་སྤྱོད་ངན་གཙང་སེལ་དང་སྤྱོད་བཟང་དར་སྤེལ་གཏོང་བའི་དཔྱིད་རླུང་ཞིག་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་ལྡང་འགོ་ཚུགས།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་གནང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་སྣེ་ཁྲིད་ནས་ལག་བསྟར་ནན་པོ་གནང་བ་དང་། བྱ་སྤྱོད་ལ་བརྟེན་ནས་མངོན་མེད་ཀྱི་བཀའ་རྒྱ་བཏང་བ་དང་། རང་ལ་རེ་བ་ནན་པོ་བཏོན་ནས་གཞན་ལ་མིག་དཔེ་བསྟན་ཏེ་ཏང་ཡོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་གནང་ཡོད།
    གཞུང་དངུལ་སྤྱད་ནས་ཟླ་མཆོད་བག་ལེབ་ཉོ་མཁན་བཟུང་བ་ནས་གཞུང་དངུལ་སྤྱད་དེ་རྟེན་འབྲེལ་གཱ་བསྐུར་མཁན་བཟུང་བའི་བར་དང་། “ལྕེ་ཐོག་གི་ཆུད་ཟོས”བཀག་འགོག་བྱེད་པ་ནས“འཁོར་ཐོག་གི་རྒྱས་སྤྲོས”ཡོ་བསྲང་བྱེད་པའི་བར་དང་། དེ་ནས“སྤྲོ་ཁང་ནང་གི་སྤྱོད་ངན”བཅོས་སྒྲིག་བྱེད་པ་སོགས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་བ་དང་། སྤྱོད་བཟང་སྒྲིག་ནན་ཡོང་བར་ཤུགས་སྣོན་ཆད་མེད་བརྒྱབ་པས། སྔོན་ཆད་བཀག་འགོག་བྱེད་མི་ཐུབ་པར་སྙམ་པའི་བྱ་ངན་སྤྱོད་ངན་བཀག་འགོག་ཐུབ་པ་དང་། ཡུན་རིང་ཐག་གཅོད་བྱེད་དགོས་བསམ་ཡང་ཐག་གཅོད་བྱེད་མ་ཐུབ་པའི་ནད་རོ་ཐག་གཅོད་ཐུབ་ཡོད།
    2017ལོའི་ཟླ་10ཚེས་27ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཀྱི་ཉིན་གསུམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་ཕྱོགས་སྐོར་གྱི་ལག་བསྟར་ཞིབ་སྲོལ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
    གཏན་འབེབས་དོན་ཚན་བརྒྱད་ནས་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་བར་ནང་དོན་གཅིག་མཚུངས་ལ་ཞིབ་འཇུག་གནང་བ་དང་འབྲེལ་སྔར་བས་གཏིང་ཟབ་དང་ཞིབ་ཚགས་སུ་བཏང་སྟེ་སྤྱོད་ཚུལ་འཛུགས་སྐྱོང་མཐར་ཕྱིན་པ་བྱ་རྒྱུའི་བརྡ་གསལ་པོ་བཏང་གནང་ཡོད།
    ད་ནས་བསུ་སྐྱེལ་བྱེད་མི་དགོས་པ་དང་། ད་ནས་མགྲོན་འབོད་སྐྱེས་འབུལ་བྱེད་མི་དགོས་པ། ད་ནས་ཟ་རོགས་འཐུང་རོགས་བྱེད་མི་དགོས་པ་སོགས་གཏན་འབེབས་དོན་ཚན་བརྒྱད་དེ་ཏང་ཡོན་ལས་བྱེད་པར་དོ་དམ་བྱེད་ཐབས་ཤིག་ཡིན་ལ་སྲུང་སྐྱོང་བྱེད་ཐབས་ཤིག་ལ་གྱུར།
   “གཉེན་སྒྲིག་དང་འདས་མཆོད་སྟབས་བདེ་གཉེར་བ”དང“འདང་ཙམ་བྱུང་ན་འགྲིག་པས་འཕྲོ་བརླག་གཏོང་མི་ཉན་པ” “ཡག་པོ་ཟ་དགོས་ཀྱང་འཕྲོ་བརླག་གཏོང་མི་ཉན་པ”སོགས་ཏང་སྲོལ་སྲིད་སྲོལ་ལ་བརྟེན་ནས་སྤྱི་ཚོགས་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱས་ཏེ་མི་དམངས་མང་ཚོགས་རྣམས་སྤྱོད་ཚུལ་འཛུགས་སྐྱོང་ནང་ཞུགས་མཁན་དང་དེའི་ཕན་པ་ཐོབ་མཁན་ལ་གྱུར།
   “མི་མང་པོ་ཞིག་ལ་ཕོག་ཐུག་སོང་ཡང་མི་དམངས་དུང་ཕྱུར་བཅུ་གསུམ་ལ་ཕོག་ཐུག་གཏོང་མི་རུང”
   སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཐོག་མར་ཐོན་པ་དང་། ཀྲུང་ཕྱིའི་གསར་འགོད་པ་500ལྷག་ཙམ་ལ་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་སྒོ་ནས་གསུང་བཤད་འདི་ལྟར་གནང་བ་སྟེ།
   “དུས་བབ་གསར་པར་རང་རེའི་ཏང་ལ་འགྲན་སློང་དྲག་པོ་མང་པོ་འཕྲད་ཡོད། ཏང་ནང་ཁུལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མང་པོ་ཡོད། ལྷག་པར་དུ་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་ཁྲོད་དུ་ཐོན་པའི་ལྐོག་རྔན་ལེན་པ་དང་རུལ་སུངས་བྱེད་པ་དང་། མང་ཚོགས་དང་ཁ་བྲལ་བ། ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། དེར་ཏང་ཡོངས་ཀྱིས་ངེས་པར་དུ་དོགས་ཟོན་བྱེད་དགོས། དེ་ནི་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་ཞེས་པ་ལྟར་རེད”
   “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་པ་དེ་གསོན་ཉམས་དོད་ལ་ནང་དོན་ཤིན་ཏུ་ཟབ་པ་ཞིག་རེད།
    ཟླ་གཉིས་ཀྱི་རྗེས་སུ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམ་བཅའ་བརྟན་པོ་བཏོན་གནང་བ་སྟེ——“སྟག་སྦྲང་མཉམ་རྡུང་བྱ་རྒྱུ”མཐའ་འཁྱོངས་བྱེད་དགོས་པ་དེ་ཡིན།
    ཁ་བཤད་ལག་བསྟར་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་རུལ་རྒོལ་འཐབ་རྩོད་ཆེན་པོ་འགོ་ཚུགས་ཡོད།
    བཀག་ཁུལ་མེད་པ་དང་། སྤྱི་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས། གོང་གི་ཀྲོའུ་ཡུང་ཁང་དང་། པོའོ་ཤིས་ལའེ། ཀུའོ་པོའོ་ཞུང་། ཞུས་ཚའེ་ཧོའུ། སུན་ཀྲེང་ཚའེ། ལིང་ཅི་ཧོ་སོགས“སྟག་ཆེན”ནས་གཤམ་གྱི་མང་ཚོགས་ཉེ་འགྲམ་གྱི“སྦྲང་ཧམ་ཙི་གནོད”བཅས་བར། སུ་ཞིག་ཡིན་རུང་ཐར་པར་གཏོང་བའི“གོང་མའི་བཀའ་ཡིག་མཚལ་བྲིས་ལྕགས་ཤོག་མ”མེད་ལ་སུ་ཞིག་ལ་ཡང“ནམ་ཡང་བརྟན་པོར་གནས་པའི་གོ་གནས”མེད།
   འདི་ནི་འཛམ་གླིང་གི་མི་རྣམས་ཧང་སངས་དགོས་པའི་ཞུམ་མེད་ཐག་གཅོད་ཅིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བར་གྱི་ལོ་ལྔའི་རིང་། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱས་པའི་ཞིང་ཆེན་དང་ཅུན་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་440ཡོད། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཁྲི་154.5ཐོ་འགོད་བྱས་པ་དང་མི་ཁྲི་153.7ལ་ཆད་པ་བཅད་པའི་ཁྲོད། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་8900ལྷག་ཙམ་དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་6.3 ཉེས་གསོག་དོགས་ཡོད་མི་སྣ་ཁྲི་5.8ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད།
   “མི་དམངས་ཀྱིས་དབང་ཆ་ང་ཚོར་སྤྲད་པས། ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་གཏོང་དང་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ཏེ། སྒྲུབ་དགོས་རིགས་ཀྱི་ལས་ཀ་སྒྲུབ་པ་དང་ཕོག་ཐུག་གཏོང་དགོས་རིགས་ལ་ཕོག་ཐུག་གཏོང་རྐྱང་བྱེད་དགོས” “གལ་སྲིད་རུལ་སུངས་བ་མང་པོར་ཕོག་ཐུག་མ་བཏང་ཚེ། མི་དམངས་དུང་ཕྱུར་13ལ་ཕོག་ཐུག་འགྲོ་སྲིད”—དུ་མེད་ཀྱི་འཐབ་རྩོད་དེའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གསལ་སྟོན་གྱི་ལངས་ཕྱོགས་བརྟན་པོ་དང་བརྟན་བརླིང་འགྱུར་མེད་ངང་ཐག་གཅོད་གནང་བའི་དགོངས་ཚུལ་མངོན་ནས། རུལ་རྒོལ་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་ཆེད་སྐུལ་འདེད་བཏང་ཡོད།
   “མང་ཚོགས་ཚོས་རུལ་རྒོལ་གཙང་སྤེལ་གྱི་གྲུབ་འབྲས་དངོས་སྔར་བས་མང་བ་ཚོར་ཐུབ་པ་བྱས་པ”
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི“སྲུང་སྐྱོང་དམག་འཐབ”གཞན་ཞིག་ཀྱང་དུས་གཅིག་ཏུ་རྒྱག་འགོ་ཚུགས་ཡོད།
   2015ལོའི་ཟླ་11པར《དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》བཀྲམ་ཡོད།
    2016ལོའི་ཟླ་1པོར། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་ལ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི”བླང་བྱ་སླར་ཡང་བཏོན་གནང་སྟེ། “གཞི་རིམ་གྱི་ལྐོག་ཟ་ལྐོག་རྔན་དང་རུལ་སུངས་དང་དེ་བཞིན་ཁྲིམས་འཛིན་གཞུང་དྲང་མེད་པ”སོགས་ཀྱི་གནད་དོན་ལ་ཡོ་བསྲང་ནན་ཏན་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་གིས་མང་ཚོགས་དེ་བས་མང་བས་རུལ་རྒོལ་གཙང་སྤེལ་གྱི་གྲུབ་འབྲས་དངོས་ཚོར་ཐུབ་པ་བྱེད་དགོས་པ”ནན་བཤད་གསལ་པོ་གནང་ཡོད།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དོན་འཁྱོལ་བྱ་ཆེད། ད་ཐེངས་ཀྱི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་འཕྲལ་དུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་སྐྱོང་གི་འགན་འདེད་ལས་དོན་ལ་ཆེད་དོན་བཀོད་སྒྲིག་བྱས་ཏེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
   2017ལོའི་ལོ་མཇུག་ཏུ། ཀྲུང་དབྱང་སྒྲིག་ཨུད་ཀྱིས་2018ལོ་ནས་2020ལོ་བར་གྱི་དུས་ཡུན་ལོ་གསུམ་རིང་གི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཐད་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
   ཁེ་བཟང་ཟ་གང་ཐུབ་དང་། བཀག་ཉར་དང་རྒྱུ་ནོར་ལྐོག་ཟ། ཟས་འཁྱེར་བཀག་གསུམ། ཉེ་དགའ་ཕྱོགས་ཞེན་ལ་སོགས་པ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་རེ་རེ་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འདེད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད།
   2017ལོར་རྒྱལ་ཡོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི་4.87ཞིབ་བཤེར་ཐག་གཅོད་བྱས་པ་དང་། 2018ལོར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི་13.1ཞིབ་བཤེར་ཐག་གཅོད་བྱས་པ། 2019ལོར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི་8.5ཞིབ་བཤེར་ཐག་གཅོད་བྱས་པ། 2020ལོར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི་6.5ཞིབ་བཤེར་ཐག་གཅོད་བཅས་བྱས་ཡོད། ཐོག་མཐའ་བར་གསུམ་དུ་གྲངས་གཞི་ཆེན་པོ་རྒྱུན་འཁྱོངས་ཐུབ་པ་དེ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཐོག་ལྟར་དྲག་ལ་གློག་ལྟར་མྱུར་བའི་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ལ་རག་ལུས་ཡོད།
    སློབ་གསོ་སྨན་བཅོས་ནས་ལས་ཞུགས་ལས་གཏོད་བར་དང་། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ་ནས་ཁོར་ཡུག་སྲུང་སྐྱོང་བར། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་ས་གང་དུ་ཡོད་པ་སྤྱོད་བཟང་རུལ་རྒོལ་གྱི་དམིགས་ས་དེ་གར་ཡོད།
   ནག་སེལ་གཤེད་བཅོམ་ནི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།
   2018ལོའི་ཟླ་1པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྟེ། “ནག་སེལ་གཤེད་བཅོམ་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཟུང་འབྲེལ་བྱས་ནས། ནག་ཚོགས་དང་འབྲེལ་བའི་ཚོགས་པ་བཟུང་དགོས་ལ། དེའི་རྒྱབ་ཀྱི‘རྒྱབ་རྩ’ཡང་བཟུང་དགོས་ལུགས”ཁ་གསལ་བཏོན་གནང་ཡོད།
    ཟླ་1པོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་བཙུགས་ཡོད།
   ནག་གཤེད་ཕྱོགས་གཏོགས་རྒྱ་ཡན་དུ་བཏང་བ་དང་འགེབས་སྲུང་བྱེད་མཁན“རྒྱབ་རྩ”མཐའ་གཅིག་ཏུ་མེད་པ་བཟོས་པ་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་འགོག་རྐྱེན་བཟོ་བའི“བཀག་རྡོ”མཐའ་གཅིག་ཏུ་རྩ་མེད་དུ་བཏང་བས། མི་དམངས་མང་ཚོགས་ཚོས་སྤྱོད་ཚུལ་ལེགས་བཅོས་དང་རུལ་རྒོལ་བྱ་སྤྱོད་སྤེལ་བཞིན་ཡོད་པ་དངོས་འབྲེལ་ཚོར་ཡོད།