འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་19ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་
རྒྱུའི་སྐོར་གྱི་2021ལོའི་གཙོ་གནད་ལས་འགན》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་19ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་2021ལོའི་གཙོ་གནད་ལས་འགན》(གཤམ་དུ《ལས་འགན》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
    《ལས་འགན》ནང་། རེས་སྐོར་གསར་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལག་བསྟར་བྱས་ཚུན། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་སོང་བ་དང་། མི་དམངས་ཀྱི་བདེ་ཐང་གནས་ཚུལ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲང་གཞག་རང་བཞིན་དང་ཁྱབ་ཚད་རང་བཞིན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པའི་ལོ་དང་པོ་དེའང་ཡིན། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱེད་པ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་གཏོང་བ། སྒྱུར་བཅོས་ཁོངས་གཏོགས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་མཉམ་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་སྤྱི་འདོམས་བྱེད་པ། ནད་བཅོས་ལྟེ་བར་འཛིན་པ་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་བར་འགྱུར་བར་མུ་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་བ། སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་ཞེས་འཁོད་ཡོད།
   《ལས་འགན》ནང་2021ལོའི་གཙོ་གནད་ལས་འགན་བཏོན་པ་སྟེ། གཅིག་ནས་སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་སྔར་བས་ཁྱབ་གདལ་བཏང་ནས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་རིག་བཅས་ཀྱི་མཉམ་འགུལ་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། “བར་མཐོངས་ཡངས་སུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག འབྲེལ་མཐུད་འགན་ལེན”བཅས་ཀྱི་ཐབས་ལམ་གཞིར་བཟུང་། སྨན་རིན་དམའ་རུ་གཏོང་རྒྱུ་ཚད་བརྒལ་སར་བྱས་ཏེ་སྨན་རྫས་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མི་དོན་གླ་ཕོགས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་རིམ་དབྱེའི་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་ཁག་གཉིས་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་ནས་ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་ཚན་ཁག་གི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་སོགས་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིས་ནུས་པའི་ངེས་གནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གསུམ་ནས་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྨན་བཅོས་དང་སྔོན་འགོག་མཉམ་ལས་ལམ་སྲོལ་གསར་གཏོད་བཅས་བྱེད་དགོས།
   《ལས་འགན》ནང་། ད་དུང་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཉམས་ལེན་བྱེད་སྟངས་ལེགས་སུ་གཏོང་བ། གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། སྨན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་ནན་པོ་བྱེད་པ་སོགས་འབྲེལ་ཡོད་གཙོ་གནད་སྒྱུར་བཅོས་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
   《ལས་འགན》ནང་། སྒྱུར་བཅོས་ལས་འགན་ཁག་གི་འགན་འཁུར་སྡེ་ཚན་ཁ་གསལ་བཟོས་ནས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ། ཁེ་ཕན་ལ་གཏུག་ཕོད་པ་བཅས་བྱས་ཏེ། སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་སྨན་བཅོས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ་དང་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་དགོས་ཞེས་འཁོད་ཡོད།