འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་19ཉིན།

༄༅།།མཚོ་སྔོན་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཆུ་ངོས་རྒྱ་ཁྱོན་ཆེ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་19ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གནམ་གཤིས་ཀྱི་སྤྱི་བསྒྲགས(2020ལོ)》ལས་མངོན་པར། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོ་ཁུལ་དང་མཚོ་སྔོན་པོ་སོགས་ས་ཁོངས་ཀྱི་ཆུ་ངོས་རྒྱ་ཁྱོན་ཆེ་རུ་ཕྱིན་ཡོད།
    སྤྱི་བསྒྲཌ་ནང་མངོན་པར། 2020ལོར་གཙང་གསུམ་ཆུ་འགོ་ཁུལ་དུ་མཚེའུ་ཆེ་གྲས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6262.44ཟིན་པ་དེ་ལོ་གོང་མ་ལས་སྤྱི་ལེ་ངོས་གྲུ་39.14ཆེ་རུ་སོང་ཡོད། 2010ལོ་ནས་བཟུང་གཙང་གསུམ་ཆུ་འགོ་ཁུལ་གྱི་མཚོ་རྒྱ་ཆེ་རུ་འགྲོ་ཚུལ་མངོན་ནས་ཆ་སྙོམས་བྱས་ན་ལོ་ལྟར་སྤྱི་ལེ་ངོས་གྲུ་59.21ཆེ་རུ་འགྲོ་བཞིན་ཡོད།
    སྤྱི་བསྒྲགས་ནང་མངོན་པར། 2020ལོར་མཚོ་སྔོན་པོའི་ཆུ་རྒྱས་དུས་ཀྱི་མཚོ་རྒྱ་སྤྱི་ལེ་ངོས་གྲུ་4631.75ཟིན་པ་དེ་ལོ་གོང་མ་ལས་སྤྱི་ལེ་ངོས་གྲུ་22.12ཆེ་རུ་ཕྱིན་པ་དང་ཆུ་སྐམ་དུས་ཀྱི་མཚོ་རྒྱ་སྤྱི་ལེ་ངོས་གྲུ་4585.94ཟིན་པ་དེ་ལོ་གོང་མ་ལས་སྤྱི་ལེ་ངོས་གྲུ་13.03ཆེ་རུ་ཕྱིན་ཡོད། 2010ལོ་ནས་བཟུང་མཚོ་སྔོན་པོའི་མཚོ་རྒྱ་ཆེ་རུ་འགྲོ་ཚུལ་མངོན་པའི་ནང་2016ལོ་ནས་བཟུང་ཆུ་རྒྱས་དུས(ཟླ་9པ)མཚོ་རྒྱ་མགྱོགས་མྱུར་ཆེ་རུ་ཕྱིན་པ་དང་ཆ་སྙོམས་བྱས་ན་ལོ་ལྟར་སྤྱི་ལེ་ངོས་གྲུ་23.82ཆེ་རུ་འགྲོ་བཞིན་ཡོད། ཆུ་ངོས་ཀྱི་རྒྱ་ཁྱོན་ཆེ་རུ་འགྲོ་བའི་ས་ཁོངས་གཙོ་བོ་ནུབ་རྒྱུད་ཀྱི་བྱ་བྱིའུ་གླིང་ཕྲན་དང་མཚོ་ཁུག་གི་ཉེ་འགྲམ་དང་། བྱང་རྒྱུད་ཀྱི་འོམ་ཆུའི་ཉེ་འགྲམ། དེ་བཞིན་ཤར་རྒྱུད་ཀྱི་བྱེ་གླིང་གི་ཉེ་འགྲམ་བཅས་ཡིན་པ་རེད།
   མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་ལས་རོགས་བཟོ་སྐྲུན་ཆེ་མོ་བ་ཀྲུའུ་ཚུན་ཤུང་གིས། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་ནུབ་རྒྱུད་ཀྱི་གནམ་གཤིས་དྲོ་རུ་དང་བཞའ་ཚན་ཆེ་རུ་ཕྱིན་པའི་རྒྱབ་ལྗོངས་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཆུ་ངོས་ཀྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དེས་མཐའ་འཁོར་ས་རྒྱུའི་སེར་ལངས་ཚུལ་ལེགས་སུ་ཕྱིན་ནས་སྔོ་ཁེབས་ཀྱི་སྐྱེ་འཚར་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་མ་ཟད། དེ་དང་ཆབས་ཅིག་མཚོ་རྒྱ་ཆེ་རུ་ཕྱིན་ནས་ཆུ་ཁ་རྒྱས་པ་སོགས་ཀྱི་མི་མངོན་པའི་ཉེན་ཁ་ཆེ་རུ་ཕྱིན་པ་ལས། མཐའ་འཁོར་གྱི་གྲོང་མིའི་ཐོན་སྐྱེད་འཚོ་བ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།