འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་16ཉིན།

༄༅།།ཉམས་པ་མེད་པའི་མཛད་རྗེས། འོད་སྟོང་འཕྲོ་བའི་སྙིང་སྟོབས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བའི་གཉིས་གཉིས་གཅིག་བཟོ་གྲྭའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བཟོར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་16ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རུ་ཡོད་པའི་གསེར་དངུལ་ཐང་ནི་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་རྟེན་གཞི་སྟེ། རྒྱལ་གཉེར་གཉིས་གཉིས་གཅིག་བཟོ་གྲྭའི་གནས་ཡུལ་རྙིང་པ་རེད། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་མདེལ་དང་པོ་གཉིས་ཀ་དེ་ནས་བཟོས་ཤིང་། དེ་གར་ངག་རྒྱུན་དུ་ཀྲུང་གོའི་རྡུལ་ཕྲན་གྲོང་ཞེས་འབོད་ཀྱི་ཡོད།
   ད་ཆ་ས་གནས་འདི་དམག་ཁོངས་ནས་ཕྱིར་འཐེན་བྱས་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད། དེ་སྔོན་འདིར་འབད་འཐབ་བྱེད་མྱོང་བའི་ཉིང་རྡུལ་བཟོ་ལས་མི་སྣ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་27གྱི་རྫོང་དང་གྲོང་ཁྱེར་532སུ་བཀོད་སྒྲིག་བྱས་ཡོད།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཉིས་གཉིས་གཅིག་བཟོ་གྲྭའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བཟོར་ཐུགས་ཁུར་ཆེན་པོ་གནང་སྟེ། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཞིང་། ཁོང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣར་འཕྲད་པའི་དཀའ་ངལ་སེལ་རོགས་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
   ད་ཆ་ལོ་བརྒྱད་ཅུ་དགུ་བཅུར་སླེབས་པའི་བློ་མཐུན་རྒན་གྲས་དེ་དག་གིས་རང་ཉིད་ཀྱི“གཉིས་གཉིས་གཅིག་གི་གཏམ་རྒྱུད”བརྗོད་བཞིན་དུ“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གྱིས་མེས་རྒྱལ་གྱི་ས་གནས་ཁག་ཏུ་སྔར་བཞིན་རང་ནུས་ལྷག་མ་སྐྱེས་སུ་འབུལ་བཞིན་ཡོད།
    ངལ་བ་ཁྱད་བསད་ཐག་རིང་ཡུལ་དུ་བསྐྱོད། བློ་སེམས་དཀར་པོ་རྒྱལ་ཁབ་ཕྱོགས་ལ་བཅངས།
   ཟླ་6ཚེས་2ཉིན། ཟི་ལིང་གྲོང་ཁྱེར་གཏེར་ལེན་ཁ་ལམ་དུ་ཡོད་པའི་ཀྲུང་གོ་ཉིང་རྡུལ་ཚོགས་པའི་གཉིས་གཉིས་གཅིག་ཁུལ་ཆུང་ནས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》དང《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ལ་སོགས་པའི་གླུ་སྒྲ་ལྷང་ལྷང་དུ་གྲགས་ཤིང་། གླུ་གཞས་དེ་དག་ནི་གཉིས་གཉིས་གཅིག་བཟོ་གྲྭའི་རྒན་ཡོལ་ཞུས་པའི་ལས་བཟོ་དང་ནང་མིས་བཏང་བ་ཞིག་རེད།
    ལོ་85ལ་སླེབས་པའི་རྒན་མོ་དབྱང་ཚུའེ་དབྱིང་གིས་གཟབ་མཆོར་ལེགས་པར་སྤྲས་ཤིང་། “དཀའ་སྡུག་ཆེ་བའི་ལོ་ཟླ་ཕར་ལ་བསྐྱལ། ད་ཆའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར” ཁོང་གིས་ཏང་ཀྲུང་དབྱང་གིས་ང་ཚོ་བརྗེད་མི་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
    རྒན་རྒོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་འོག ད་ཆ་ཐོབ་ཐང་ལེགས་སུ་ཕྱིན་སོང་། སྨན་ཁང་དུ་སྐྱོད་པ་དང་སྨན་བཅོས་བྱེད་སྐབས་དེ་བས་ཀྱང་སྟབས་བདེ་པོ་འདུག ཀྲུང་གོ་ཉིང་རྡུལ་ཚོགས་པ་སོགས་ཀྱིས་ད་དུང་ལས་བཟོའི་སྡོད་ཁང་ཉམས་གསོ་བྱས་པ་བརྒྱུད། སྡེ་ཁུལ་གྱི་ཁོར་ཡུག་མཛེས་སུ་ཕྱིན་ཡོད་ལ་སྣང་བའང་སྐྱིད་པོ་འདུག་ཅེས་བཤད།
    1958ལོར་ནུབ་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆའི་འཇིགས་སྣང་སྐུལ་བར་དམིགས་ཏེ། ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་གསེར་དངུལ་ཐང་དུ་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་ལྟེ་གནས་དང་པོ་འཛུགས་རྒྱུའི་ཐག་བཅད། སྐབས་དེར་ཕྱི་ཕྱོགས་ལ“མཚོ་སྔོན་ཞིང་ཆེན་ཨར་རྒྱག་ལས་གྲྭ་ཀུང་སི་ལྔ་པ”དང“མཚོ་སྔོན་གཏེར་ཁུལ”ཞེས་འབོད་ཀྱི་ཡོད།
    ས་མཐོར་ཆགས་པའི་གསེར་དངུལ་ཐང་འདི་ཉིད་ས་མཐོ་ལ་གྲང་ངར་ཆེ་བ་དང་། ལོ་གཅིག་ནང་ཟླ་བ་བརྒྱད་ནས་དགུ་བར་སྲིང་བལ་གྱི་གྱོན་གོས་གྱོན་དགོས་ཀྱི་ཡོད། ནུབ་རྒྱུད་ཀྱི་གཞས་པ་གྲགས་ཅན་ཝང་ལུའོ་པིན་གྱིས་གནས་འདིར་དར་ཁྱབ་ཆེ་བའི་གླུ་གཞས《ས་ཐག་རྒྱང་བའི་གནས་ཤིག》ཅེས་པ་བརྩམས་ཡོད།
    འདི་ལོ་ལོ་80ལ་སླེབས་པའི་ཏུང་ཏན་ཅུས་ད་ལྟ་ཨན་ཧུའེ་ཞིང་ཆེན་ཧོ་ཕེ་ཐོན་ཤིན་ཨན་གྲོང་ཚོར་སྡོད་ཀྱི་ཡོད། སྔོན་མའི་གནས་ཚུལ་སྐོར་གླེང་མ་ཐག་ཁོང་དེ་བས་གྲུང་ཤ་དོད།
    1959ལོར་ལོ་18ལ་སླེབས་པའི་ཁོང་བཟོ་གྲྭར་ཞུགས་ནས་འདི་གར་ལས་ཀ་ལོ་བཅུ་ཕྲག་བྱས།
   “སྐབས་དེར་འཚོ་བའི་ཆ་རྐྱེན་དངོས་གནས་སྐྱོ་པོ་ཡོད། ང་ཚོ་འབྲོག་པ་སྤོས་རྗེས་ཀྱི་བ་ཚང་དང་ལྷས་རའི་ནང་གནས་སྐབས་སྡོད་རྒྱུ་ལས་མ་འདས། སྐབས་རེ་རི་འདབས་སུ་ས་ཁུང་འདྲུས་ནས་ཉལ་གྱི་ཡོད། དགོང་མོ་སྤྱང་ཀིས་སྐད་མང་པོ་རྒྱག་གི་འདུག དགུན་ཁ་ཞྭ་མོ་གྱོན་ནས་ཉལ་དགོས་པ་དང་ཞོགས་པ་ལངས་སྐབས་ཕོ་ཁེབས་དང་ཞྭ་མོར་འཁྱགས་པ་ཐེབས་ཀྱི་འདུག”
   འདི་ལོ་ལོ་86ལ་སླེབས་པའི་ལིའུ་ཀྲའོ་མིན་ནི་ཡན་ལག་བཟོ་གྲྭ་གཉིས་པའི་འབར་རྫས་བཟོ་མཁན་རེད། “སྐབས་དེར་ལས་ཀ་གང་བྱེད་དགོས་པ་ང་ཚོ་རང་ཉིད་ཀྱིས་ཀྱང་ཤེས་མ་བྱུང་། མེ་འཁོར་གྱི་སྤ་སེ་བླངས་ཏེ་ཤིང་སྒམ་ཁུར་ཡོང་བ་ཡིན། མཉམ་དུ་ཡོང་མཁན་སློབ་གྲྭ་ཐོན་མཉམ་གྱི་སློབ་གྲོགས་20ལྷག་ཙམ་ཡོད”ཅེས་ཁོང་གིས་བཤད།
    ལིའུ་ཀྲའོ་མིན་གྱིས་ཕྱིས་སུ་རང་ཉིད་ཀྱི་ལས་ཀ་ནི“དམིགས་བསལ”ཞིག་ཡིན་པ་གཞི་ནས་ཤེས་བྱུང་། མེ་འདྲེན་སྦུ་གུ་བཟོ་བ་དང་འབར་གས་ཀྱི་རླབས་རྒྱུན་ལ་ཞིབ་འཇུག་བྱ་རྒྱུ་དེ་ནི་སྔོན་མ་ཁོང་གི་ལས་ཀ་གཙོ་བོ་རེད།
    སྐབས་དེར་ཚན་རིག་མཁས་ཅན་མང་པོ་ཞིག་གིས་མཚན་གུང་བར་ལས་ཀ་བྱས་ནས་སྡོད་པའི་ཐུན་མོང་གི་བསམ་འདུན་ནི་ཇི་ཙམ་སྐྱོ་ཡང“ལ་རྒྱ་རྩོད་པའི་མདེལ”བཟོ་ཐུབ་པ་བྱ་རྒྱུ་དེ་རེད།
    ལེ་ཕུའུ་ཞུའེ་1959ལོར་བཟོ་གྲྭར་སླེབས་ཤིང་། ཁོང་གིས་གཙོ་བོ“ཝེ་སྐར་ཆ་རིམ་པའི་གློག་གི་མེ་འདྲེན་སྦུ་གུ”ཞིབ་བཟོའི་ལས་འགན་ཁུར་ཡོད།
    ཚད་ལོན་གྱི་མེ་འདྲེན་སྦུ་གུ་བཟོ་ཆེད། ཞིབ་འཇུག་མི་སྣས་ཚོད་བཟོ་ནས་བཟོ་དབྱིབས་གཏན་འཁེལ་བྱེད་པའི་བར་ལོ་གཉིས་ལྷག་ཙམ་རིང་ཚོད་ལྟ་ཐེངས་ཁྲི་5ལྷག་ཙམ་བྱས་ཡོད།
    1962ལོར་ཝེ་སྐར་ཆ་རིམ་པའི་གློག་གི་མེ་འདྲེན་སྦུ་གུ་གསར་པ་བཟོ་ཐུབ་ཅིང་། ཚོད་ལྟའི་འབར་གས་ལེགས་གྲུབ་བྱུང་བའི་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་གཉིས་ཀར་དེ་ཉིད་བེད་སྤྱོད་བྱས་ཡོད། ད་ལྟ་དེའི་སྐོར་བརྗོད་སྐབས། ལོ་88ལ་སླེབས་པའི་བགྲེས་སོང་ཁོང་གིས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད།
    1964ལོའི་ཟླ་10ཚེས་16ཉིན། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དེ་འབར་གས་ལེགས་གྲུབ་བྱུང་ཡོད།
    1967ལོའི་ཟླ་6ཚེས་17ཉིན། རང་རྒྱལ་གྱི་ཆིང་མདེལ་དང་པོ་དེ་འབར་གས་ལེགས་གྲུབ་བྱུང་ཡོད།
    2015ལོའི་ལོ་འགོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་བཙུགས་ནས་ལོ་ངོ་60འཁོར་བར་མཛུབ་སྟོན་གལ་ཆེན་གནང་བ་སྟེ། “ལོ་ངོ་60ཡི་རིང་། ཉིང་རྡུལ་བཟོ་པ་མི་རབས་འགས་དཀའ་སྤྱད་ལས་གཏོད་དང་གསར་འབྱེད་གསར་གཏོད་བྱས་ནས་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་ལས། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་འཛུགས་སྐྲུན་ལ་ལེགས་སྐྱེས་མངོན་གསལ་དོད་པོའང་ཕུལ་ཡོད”
     ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མདུན་ཕྱོགས་སུ་ལང་ལོང་དུ་རྒྱུག དམག་འཐབ་ཀྱི་མུན་པ་རིམ་བཞིན་བསལ་ནས་ཞི་བདེ་དང་འཕེལ་རྒྱས་རིམ་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོར་གྱུར། 1987ལོའི་ཟླ་6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཉིས་གཉིས་གཅིག་བཟོ་གྲྭ་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས།
    ཉི་མ་ལ་ཁར་བཅར་འདུག་མ་གསུངས་ཤིག དགོང་དྲོའི་མཚམས་སྤྲིན་མཛེས་མདངས་རྣམ་པར་བཀྲ
    ལོ་ཤས་གོང་གི་གནས་ཚུལ་ད་ལྟ་དང་ཅུང་འདྲ་ཡི་མེད། གཉིས་གཉིས་གཅིག་བཟོ་གྲྭའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཐོབ་ཐང་ལེགས་སུ་འགྲོ་ཚད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དང་རྗེས་སྙེགས་མི་ཐུབ་པར། མི་འགའ་རེའི་ཁྱིམ་ཚང་དུ་བློ་མཐུན་རྒན་གྲས་ཀྱི་རྒན་གསོའི་དངུལ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས་དཀའ་ངལ་ཆེན་པོ་འཕྲད་ཡོད། ལོ་30ལྷག་ཙམ་གྱི་གོང་བགོ་བཤའ་བརྒྱབ་པའི་ཁང་པའི་སྒྲིག་བཀོད་རྙིང་པར་གྱུར་ནས། བློ་མཐུན་རྒན་གྲས་ལ་ལའི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཉིས་གཉིས་གཅིག་བཟོ་གྲྭའི་བློ་མཐུན་རྒན་གྲས་ལ་ཐུགས་ཁྲལ་ཆེན་པོ་གནང་བ་མ་ཟད། ཁོང་ཚོ་ཚེ་མཇུག་གི་འཚོ་བ་ཡག་པོ་སྐྱེལ་ཐུབ་མིན་ལའང་ཐུགས་ཁུར་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་གཉིས་གཉིས་གཅིག་བཟོ་གྲྭའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་འཚོ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་སེམས་ཁུར་བྱེད་དགོས་པ་དང་། གཉིས་གཉིས་གཅིག་བཟོ་གྲྭས་ཕུལ་བའི་ལེགས་སྐྱེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
    དེ་ནས་བློ་མཐུན་རྒན་གྲས་ཀྱིས་སེམས་ཁྲལ་དང་རེ་སྒུག་གང་ཞིག་བྱེད་པ་ཤེས་རྟོགས་དང་བློ་སེམས་གང་ནུས་ཀྱིས་གནད་དོན་ཐག་གཅོད་བྱས་ཡོད།
    ཀྲུང་གོ་ཉིང་རྡུལ་ཚོགས་པ་ཉིང་རྡུལ་བཟོ་ལས་ཀྱི་གཉིས་གཉིས་གཅིག་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀེ་ཞའོ་ཧའེ་ཡིས་ངོ་སྤྲོད་བྱས་པར། བློ་མཐུན་རྒན་གྲས་ཚོ་ཚེ་མཇུག་སྐྱིད་པོ་ཡོང་ཆེད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒན་ཡོལ་ཞུས་པའི་མི་སྣ་ལས་ཁུངས་ཀྱི་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་གྱི་སྤྱི་འདོམས་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ནས། རྒན་གསོའི་དངུལ་རྒྱུན་འཕར་ལམ་སྲོལ་ལོངས་སྤྱོད་ཐུབ་པར་བྱས་པ་དང་། ལས་བྲལ་ངལ་གསོ་རྒྱག་མཁན་མི་སྣར་ལས་བྲལ་ངལ་གསོའི་དངུལ་དང་། ཕོགས་སྣོན། ཁ་གསབ་བཅས་ཀྱི་ཚད་གཞི་གཞིར་བཟུང་རྒྱལ་ཁབ་ཀྱི་ལེགས་སྒྲིག་སྲིད་ཇུས་ལྟར་དུས་ཐོག་ཏུ་དོན་འཁྱོལ་བྱས་ཡོད།
    སྔོན་མ་གཉིས་གཉིས་གཅིག་བཟོ་གྲྭར་ལས་ཞུགས་གཅིག་ལས་མེད་པའི་ཁྱིམ་ཚང་མང་པོ་ཡོད་པ་དང་བློ་མཐུན་རྒན་གྲས་ཚེ་ལས་འདས་རྗེས་འདས་པོའི་ནང་མིའི་འཚོ་བར་དཀའ་ངལ་ཆེ་ཙམ་འཕྲད་ཡོད། ལོ་གཉིས་ནང་། ཀྲུང་གོ་ཉིང་རྡུལ་ཚོགས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འདས་པོའི་ནང་མིའི་འཚོ་བའི་ཁ་གསབ་དངུལ་གྱི་ཚད་གཞི་མཐོར་གཏོང་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་པ་མ་ཟད། འདས་པོའི་ནང་མི་ས་གནས་ཀྱི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་སོགས་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཏེ་འཚོ་བའི་ཁུར་པོ་ཡང་དུ་བཏང་ཡོད།
    ཉིན་དེ་དག་ནང་ཀེ་ཞའོ་ཧའེ་སྡོད་ཁང་ཉམས་བཟོ་ལས་གྲྭའི་ཞིབ་བཤེར་རྩིས་ལེན་དང་ཕྱོགས་སྡོམ་གྱི་ལས་ལ་བྲེལ་བཞིན་ཡོད།
    ཀྲུང་གོ་ཉིང་རྡུལ་ཚོགས་པས་ཟི་ལིང་དང་། ཧོ་ཕེ། ཙི་པོ་སོགས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཀྱི་སྡོད་ཁང་1555ལ་ཉམས་གསོ་བྱས་པ་དང“མཁོ་འདོན་གསུམ་དང་ལས་ཞུགས་གཅིག”གི་རྣམ་གྲངས་སྒྱུར་བཀོད་ལས་དོན་ཚང་མ་ལས་མཇུག་འགྲིལ་ནས་བློ་མཐུན་རྒན་གྲས་ཀྱི་ཚོར་སྣང་དང་སྐྱིད་སྣང་ཇེ་ཆེར་སོང་ཡོད། ས་གནས་གཞན་དུ་ཁ་ཐོར་བཀོད་སྒྲིག་བྱས་རིགས་སྒྲིག་འཛུགས་ཞིབ་ཚགས་བྱས་ཁར། རང་ཉིད་ཀྱི་ཉམས་བཟོ་དང་ཁ་གསབ་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་པའི་སྡོད་ཁང་ཉམས་བཟོའི་ལས་དོན་ཡང་ལེགས་གྲུབ་ཟིན་ཉེར་ཡོད།
    དབྱར་དུས་སུ་ཟི་ལིང་གི་གཉིས་གཉིས་གཅིག་ཁུལ་ཆུང་སྔོ་ཐིང་ངེར་གནས། གསར་འགོད་པ་ལིའུ་ཀྲའོ་མིང་གི་ཁྱིམ་དུ་བསྐྱོད།
    ཁང་པའི་ཕྱིར་དྲོད་སྲུང་སྒྲིག་ཆས་གསར་དུ་སྒྲིག་སྦྱོར་བྱས་ཡོད། ལྷགས་བསིལ་ཡང་ཡང་བརྒྱབ་ནས་གྲང་ཤུར་ཤུར་བྱེད་པའི་སྔོན་མའི་ལྕགས་ཀྱི་སྒེའུ་ཁུང་དག་ད་ཆ་དྲོད་སྲུང་གི་ནུས་པ་དེ་བས་ཆེ་བའི་སྤོས་འགྱིག་སྒེའུ་ཁུང་ལ་བསྒྱུར་ཞིང་། ཕྱི་ནས་ལྟ་སྐབས་གཙང་ལ་དཀར་ཆ་དོད།
    “ཟི་ལིང་གི་དགུན་ཁ་ཧ་ཅང་གྲང་མོ་ཡོད། ཉེ་ལམ་ལོ་གཉིས་རིང་སྡོད་ཁང་ཉམས་བཟོ་བྱས་རྗེས་དེ་སྔ་ལས་དྲོ་རུ་ཕྱིན་འདུག”ཅེས་ལིའུ་ཀྲའོ་མིན་གྱིས་བཤད།
    འདི་ལོའི་ཟླ་4པར། “ཀྲུང་གོའི་རྡུལ་ཕྲན་གྲོང་གི་དྲན་གསོ་གླིང་གི་རྗེས་དྲན་ཚོམས་ཆེན”ཉམས་བཟོ་ལེགས་གྲུབ་ཟིན་ནས་དེ་སྔ་གཉིས་གཉིས་གཅིག་བཟོ་གྲྭར་ལས་ཀ་བྱེད་མྱོང་བའི་ཉིང་རྡུལ་བཟོ་ལས་ཀྱི་མི་རབས་རྒན་གྲས་ཚོར་དྲན་གསོ་དང་རྗེས་དྲན་བྱེད་བཞིན་མཆིས།
    “འདི་ནི་དྲན་གསོ་བྱེད་པ་ཞིག་ཡིན་ལ། ‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ཞིག་དེ་བས་ཡིན”ཞེས་ཏུང་ཏན་ཅུས་ཀྱིས་བཤད།
    2019ལོའི་ཟླ་12ཚེས་16ཉིན་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་། ཁྲེན་ཧྥུའུ་ལེང་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཚོགས་འདུའི་ཐོག་གཏམ་བཤད་ཀྱང་བྱས།
    ཁྲེན་ཧྥུའུ་ལེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར“གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་གཅེས་འཛིན་ལྷག་པར་བྱ་རྒྱུ་དང་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ་བྱ་རྒྱུའི”ཐུགས་རེ་གནང་གི་འདུག ང་ཚོས་ཐོག་མཐའ་བར་གསུམ་དུ་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ་དང་ལས་གནས་ལས་བྲལ་ཡང་ཏང་དང་མི་བྲལ་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
   ཉེ་ཆར། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་ཡོང་མཁན་མང་པོ་ཡོད། ཟླ་6ཚེས་2ཉིན་གསར་འགོད་པས་བཅར་འདྲི་བྱེད་སྐབས། སྔོན་མངགས་བྱེད་མཁན་གྱི་ཚོགས་པའི་ལྟ་སྐོར་བ་ཟླ་6ཚེས་24ཉིན་བར་བཀོད་སྒྲིག་བྱས་ཡོད།
    “ལས་བྲེལ་ཆེ་སྐབས། ང་གཉིས་བཟའ་ཚོ་གཉིས་པོས་རེས་མོས་ངང་གསལ་འགྲེལ་པ་བྱེད་པ་དང་ནང་མི་མང་པོ་ཞིག་ཀྱང་གསལ་འགྲེལ་ལས་དོན་ནང་ཞུགས་ཡོད”ཅེས་ཁྲེན་ཧྥུའུ་ལེང་གིས་བཤད།
   ཉི་མ་ལ་ཁར་བཅར་འདུག་མ་གསུངས་ཤིག དགོང་དྲོའི་མཚམས་སྤྲིན་མཛེས་མདངས་རྣམ་པར་བཀྲ