འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་15ཉིན།

༄༅།།བརྟན་པོའི་ངང་འཕར་བ། ཟླ་དང་པོ་ནས་ལྔ་པ་བར་ཕྱི་དངུལ་རང་རྒྱལ་དུ་གཏོང་མང་དུ་འགྲོ་དོན་གང་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་15ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་དང་པོ་ནས་ལྔ་པ་བར་རང་རྒྱལ་གྱིས་ཕྱི་དངུལ་བསྡུ་ལེན་བྱས་པའི “སྦྱངས་འབྲས་ཟིན་ཐོ”ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པ་རེད།
     ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ལྔ་པ་བར་རང་རྒྱལ་གྱིས་ཕྱི་དངུལ་སྒོར་དུང་ཕྱུར་4810དངོས་སུ་བེད་སྤྱོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་35.4%འཕར་བ་དང་2019ལོའི་དུས་མཚུངས་ལས་30.3%འཕར་ཡོད་པ་རེད།
     འདི་ལོ་ཤར་ཚུན་མ་དངུལ་ནང་འདྲེན་བྱས་པའི་གྲངས་གཞི་དང་བསྡུར་ན། རིམས་ནད་ཀྱི་རྒྱུ་རྐྱེན་ཕུད། 2019ལོའི་དུས་མཚུངས་དང་བསྡུར་ན་རང་རྒྱལ་གྱིས་ཕྱི་དངུལ་བསྡུ་ལེན་བྱེད་ཚུལ་ཟླ་རེ་བཞིན་འཕར་བའི་རྣམ་པ་ཐོན་པ་སྟེ། ཟླ་དང་པོ་ནས་ལྔ་པ་བར། ཟླ་རེར་རིམ་རྩིས་བྱས་ན་ཕྱི་དངུལ་བསྡུ་ལེན་བྱེད་འབོར་མང་དུ་སོང་ཚད་དེ་8.8%དང་། 20.2% 24.8% 30.1% 30.3%བཅས་སོ་སོ་ཟིན་པ་དེ་ཐོག་ནས་ཕྱི་དངུལ་རང་རྒྱལ་དུ་གཏོང་མགྱོགས་སུ་འགྲོ་བ་མཚོན་གྱི་ཡོད་པ་རེད།
     “འདི་ལོ་ཤར་ཚུན་རང་རྒྱལ་གྱིས་ཕྱི་དངུལ་བསྡུ་ལེན་བྱེད་ཚུལ་ཆག་པ་ནས་འཕར་བ་དང་འབྲེལ་ཟིན་ཐོ་གསར་པ་རྒྱུན་མི་ཆད་པར་བཏོད་ཅིང་། སྤྱིའི་ཆ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ནས་གོ་ལ་ཧྲིལ་པོར་མ་འཇོག་གི་ཡིད་དབང་འཕྲོག་ནུས་ཆེ་ཤོས་ཀྱི་ས་ཆ་ཞིག་ཡིན་པའི་མཉེན་ཤུགས་དང་གསོན་ཤུགས་མངོན་ཡོད”ཅེས་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་དཔལ་འབྱོར་ཞིབ་འཇུག་པུའི་པུའུ་ཀྲང་གཞོན་པ་ལིའུ་ཤང་ཏུང་གིས་གསར་འགོད་པར་བརྗོད།
     30%ཡན་གྱི་འཕར་ཚད་མྱུར་པོ་དེ་ན་ནིང་ལོ་མཇུག་གི་གཞི་གྲངས་དང་འབྲེལ་བ་ཡོད་མོད། འོན་ཀྱང་རིམས་ནད་བྱུང་བའི་རྒྱུ་རྐྱེན་འདོར་ཏེ་2019ལོའི་དུས་མཚུངས་དང་བསྡུར་ན་ཟླ་རེ་བཞིན་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་བ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དེ་འདྲ་ཡོང་དོན་གང་ཡིན་ནམ་ཞེ་ན། ཀྲུང་གོས་དུས་ཐོག་ཏུ་རིམས་ནད་ཚོད་འཛིན་ནུས་ལྡན་བྱས་ནས་དཔལ་འབྱོར་གྱི་གསོན་ཤུགས་མུ་མཐུད་འཕེལ་བར་བྱས་པ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྲུང་གོའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་ཅི་ཐེ·མོ་ནེར་གྱིས་རིམས་ནད་ཚོད་འཛིན་ཐུབ་རྗེས་ཀྲུང་གོའི་དཔལ་འབྱོར་འཕར་ཚུལ་མགྱོགས་མྱུར་སླར་གསོ་བྱུང་སྟེ། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་རྩ་འཇོག་པའི་དོན་དངོས་དང་དེ་བས་འཚམ་པའི་ས་ཆ་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།
     དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་ཕྱིན་པ་ནི་ཀྲུང་གོར་མ་འཇོག་བྱེད་མཁན་ཕྱི་རྒྱལ་གྱི་ཁེ་ལས་ཇེ་མང་དུ་སོང་བ་དང་གོ་སྐབས་དམ་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།
     ཧོ་ཉི་ཝེར་གྱིས་འདི་ལོའི་ཟླ་བ་བཞི་པར་2035ལོའི་གོང་དུ་ལས་སྒོ་ཚང་མའི་གཉེར་སྐྱོང་དང་སྒྲིག་བཀོད་ཀྱི་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད། ཧོ་ཉི་ཝེར་ཀྲུང་གོ་ཁུལ་གྱི་སྤྱི་ཁྱབ་ལིན་ཧྲེ་ཝུའེ་ཡིས“ཀྲུང་གོའི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་ལས་རྒྱ་ཆེའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་བྱུང་ཡོད། ང་ཚོས་ཀྲུང་གོར་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཚན་རྩལ་གྱི་ཐབས་ལ་བརྟེན་ནས་ཀྲུང་གོའི་འཛད་སྤྱོད་པར་ནུས་རྒྱུ་དང་ཁོར་ཡུག་གི་དགོས་མཁོ་སྐོང་བའི་ཐོན་རྫས་དང་ལག་རྩལ་རྒྱུན་མི་ཆད་པར་གསར་སྤེལ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
     ཕྱི་དངུལ་བསྡུ་ལེན་གྱི་གྲངས་འབོར་མང་ལ་སྤུས་ཀ་དག་པའི་ཁྱད་ཆོས་དེ་ཚོང་དོན་པུའི་གྲངས་གཞིའི་ཐོག་ནས་ཀྱང་རགས་ཙམ་མངོན་པ་སྟེ། ཟླ་དང་པོ་ནས་ལྔ་པ་བར་ཞབས་ཞུའི་ལས་རིགས་ཀྱིས་ཕྱི་དངུལ་སྒོར་དུང་ཕྱུར་3819དངོས་སུ་བེད་སྤྱོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་41.6%འཕར་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་དངུལ་དངོས་སུ་བེད་སྤྱོད་བྱེད་འབོར་34.6%འཕར་ཡོད་པ་རེད།
     ཉིན་ཤས་གོང་ཀྲུང་གོ་དང་ཨ་རིའི་ཚོང་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་རྒྱབ་ཤ་དཀར་པོའི་དེབ་ནང་ཨ་རིའི་ཁེ་ལས་སྐོར་མངོན་པར། ཨ་རིས་མ་འཇོག་བྱས་པའི་ཁེ་ལས་གསུམ་ཆ་གཉིས་ཀྱིས་ཀྲུང་གོ་འདི་ཉིད་སྔོན་ལ་འཕེལ་རྒྱས་གཏོང་རྒྱུའི་ཁྲོམ་རར་བརྩིས་པ་དང་འབྲེལ་2021ལོར་ཀྲུང་གོར་མ་འཇོག་བྱེད་མང་དུ་གཏོང་རྩིས་ཡོད་པ་རེད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཚོང་ཚོགས་ཀྱིས་བརྟག་དཔྱད་བྱས་འབྲས་ལས་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན་ཡོ་རོབ་ཀྱི་ཁེ་ལས་60%ཡིས་2021ལོར་ཀྲུང་གོར་ཡོད་པའི་ལས་སྒོ་སྤེལ་རྒྱ་ཆེ་རུ་གཏོང་རྩིས་བྱེད་པའི་བསྡུར་ཚད་དེ་ན་ནིང་ལས་བརྒྱ་ཆའི་གྲངས་10ཙམ་མཐོ་རུ་སོང་ཡོད་པ་རེད།
     ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཕུང་གིས་འདི་ལོ་ཕྱི་དངུལ་བེད་སྤྱོད་ཐད་བསྡོམས་འབོར་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཚོང་དོན་པུས་ཚོང་གཉེར་ཁོར་ཡུག་ཐད་ཤུགས་དེ་བས་ཆེ་བ་བརྒྱབ་སྟེ་ཕྱི་དངུལ་ནང་འདྲེན་གྱི་ཚད་གཞི་མུ་མཐུད་དམའ་རུ་བཏང་ནས་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྲོས་ཆོད་ཀྱི་ཚོང་ལས་མཆན་བཀོད་དེ་བས་མང་བ་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     འབྱུང་འགྱུར་ལ་རྒྱང་ལྟ་བྱེད་བཞིན་དུ་ལིའུ་ཤང་ཏུང་གིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཕྱི་དངུལ་བརྟན་དུ་གཏོང་བའི་བར་ཁམས་སྔར་བས་རྒྱ་བསྐྱེད་གཏོང་བ་དང་སྦྲགས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་རང་མོས་ཚོང་དོན་གྲུ་ཁ་སོགས་སྣ་མང་ཅན་གྱི་སྒོ་དབྱེའི་ལས་སྟེགས་སྤྱོད་རྒྱུ་ཡིན་པ་དེས་ཕྱི་དངུལ་བསྡུ་ལེན་དེ་བས་ཡག་པོ་ཡོང་བར་རོགས་འདེགས་ཐུབ་རྒྱུ་ཡིན་ཞིང་། འདི་ལོ་ཕྱི་དངུལ་བསྡུ་ལེན་བྱེད་པའི་ཐད་རྣམ་པ་བཟང་པོ་ཞིག་མུ་མཐུད་རྒྱུན་འཁྱོངས་ཐུབ་རེ་ཡོད་ཅེས་བརྗོད་པ་རེད།