འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་15ཉིན།

༄༅།།བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་15ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཉེར་འགན་ཁུར་བ། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་གཉེར་རོགས་བཅས་བྱས་པའི “མངོན་མིན་རིག་གནས་ཤུལ་བཞག་དང་ཟློས་གར་དང་ཀོ་ཕིག་སློབ་གྲྭར་སྤེལ་བའི་བྱེད་སྒོ”སྤེལ་ནས་བོད་རང་སྐྱོང་ལྗོངས་ཀྱི་2021ལོའི “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་རེད། དེ་ཉིན་སྔ་དྲོ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམགྲངས་དང་། རྒྱུན་འཛིན་པ། རྒྱུན་འཛིན་བྱེད་སྟངས་སོགས་ངོ་སྤྲོད་བྱས་པ་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་དང་ཀོ་ཕིག་འཁྲབ་སྟོན་སོགས་བྱས་པས། བྱེད་སྒོ་སྤེལ་སར་ཡོད་པའི་གྲོགས་པོ་ཆུང་ཆུང་ཚོས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་གྲུབ་འབྲས་ལ་ཤེས་རྟོགས་རགས་ཙམ་བྱུང་བ་མ་ཟད། ལྷག་དོན་དུ་ཁོང་ཚོས་ཐག་ཉེ་ས་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཡོད།
     ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ཁྱབ་བསྒྲགས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། མོན་པའི་སྭ་མ། ཚ་ཚ་བཟོ་རྩལ་སོགས་ཀྱི་རྣམ་གྲངས་17མིང་གཞུང་ནང་ཚུད་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་ རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་106བར་མང་དུ་ཕྱིན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ་6ཚེས་11ནས་ཚེས་15ཉིན་བར་བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཉོ་སྒྲུབ་དུས་ཆེན་གྱི་འགྲེམས་སྟོན་བྱེད་སྒོ། མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།