འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་3ཉིན།

༄༅།།ཏང་ཡོན་རྒན་གྲས་ཁྲི་710ལྷག་ལ་དྲན་གསོའི་རྟགས་མ་འདི་ཐོབ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་03ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཏང་ཡོན་རྒན་གྲས་ཁྲི་710ལྷག་ལ་དྲན་གསོའི་རྟགས་མ་འདི་ཐོབ་རྒྱུ་རེད།
     མི་དམངས་དྲ་བའི་འཕྲིན། དེ་རིང་ཅང་ཞི་ཞིང་ཆེན་ཡུས་ཏུའུ་རྫོང་དང་། ཀོང་ཏུང་ཞིང་ཆེན་ཁྲའོ་ཀྲོའུ་གྲོང་ཁྱེར་ཤང་ཆའོ་ཆུས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་མདའ་ཤོག་47པ། ཧྲའན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་ཝུན་ཨན་དབྱི་གྲོང་རྡལ། ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཧུང་ཆའོ་སྲང་ལམ། པེ་ཅིང་སློབ་ཆེན། ཨན་ཀང་ཚོགས་པ། ཡུན་ནན་ཞིང་ཆེན་དམག་ཁུལ་ཁང་ཁུན་མིང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ལུས་གསོ་ཁང་སོགས་ས་གནས་དང་ལས་ཁུངས་མང་པོས་གཟབ་ནན་སྟབས་བདེ་ཡི་མཛད་སྒོ་སྤེལ་ཞིང་། བདེ་ཐང་དུ་བཞུགས་ཤིང་2021ལོའི་ཟླ་7ཚེས་1ཉིན་བར་ཏང་ལོ་50འཁོར་བ་དང་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་ཡག་པོ་འཛིན་པའི་ཏང་ཡོན་ལ“གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་50འཁོར་བའི”དྲན་གསོའི་རྟགས་མ་གནང་བ་རེད།     
     ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་50འཁོར་བའི”དྲན་གསོའི་རྟགས་མ་ཐོག་མར་གནང་བ་་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྟགས་མ་གནང་བའི་ལས་དོན་དེ་ད་ལོའི་ཟླ་7ཚེས་1ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་རྒྱལ་ཡོངས་སུ་ཏང་ཡོན་རྒན་གྲས་ཁྲི་710ལྷག་ལ་དྲན་གསོའི་རྟགས་མ་འདི་ཐོབ་རྒྱུ་རེད། རྟགས་མ་ཐེངས་དང་པོར་སྤྲད་རྗེས་འདི་ནི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཏུ་བྱས་ནས་ལོ་རེའི་“བདུན་གཅིག”དུས་ཆེན་སྐབས་དྲན་གསོའི་རྟགས་མ་ཐེངས་རེ་གཅིག་སྡུད་ཐོག་སྤྲོད་རྒྱུ་རེད།
     “གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་ངོ་50འཁོར་བ་”ཞེས་པའི་དྲན་གསོའི་རྟགས་མ་འདིའི་ཚངས་ཐིག་ལ་ཧའོ་སྨི་50ཡོད་པ་དང་། རྒྱུ་ཆ་ནི་ཟངས་དང་ཏི་ཚ་མཉམ་བསྲེས་ཀྱི་ལྕགས་རིགས་ཡིན་ལ། ཁ་དོག་གཙོ་བོ་ནི་དམར་པོ་དང་གསེར་མདོག་ཡིན། རྟགས་མ་འདི་གཙོ་བོ་ཏང་རྟགས་དང་། ཟུར་ལྔའི་སྐར་མ། དར་ཆ། རྡོ་རིང་། མེ་ཏོག་ཉི་དགའ། གཟི་བརྗིད་མེ་ཏོག འོད་ཟེར་སོགས་ལས་གྲུབ་པ་དང་། དེའི་ཁྲོད་ཏང་རྟགས་ཀྱིས་ཏང་གི་འགོ་ཁྲིད་སྲོག་ཤིང་གི་གནས་བབ་དང་ཏང་ཡོན་གྱི་དད་སེམས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར་ཡིན་པ་མཚོན་པ་དང་། རྡོ་རིང་གིས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་བྱས་རྗེས་རླབས་པོ་ཆེ་མཚོན་པ། མེ་ཏོག་ཉི་དགའ་ཡིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་མཚོན་པ། འོད་ཟེར་གྱིས་ཏང་གི་འོད་སྟོང་འཕྲོ་བའི་འོད་ཟེར་མཚོན་པ། ཟུར་ལྔའི་སྐར་མ་ཡིས་གཅིག་རྒྱུད་གཅིག་འཛིན་མཚོན་ཡོད། གཟི་བརྗིད་མེ་ཏོག་གིས་དར་རྒྱས་རྫོགས་ལྡན་དུས་རབས་དང་རྒྱལ་དར་དམངས་བདེ། གཟི་བརྗིད་གཟེངས་བསྟོད་བཅས་མཚོན་པ། དར་ཆ་ཡིས་གུང་ཁྲན་རིང་ལུགས་ཀྱི་བླ་ན་མེད་པའི་ཕུགས་བསམ་དང་བྱ་གཞག་རྒྱུན་མཐུད་ཡིན་པ་མཚོན། དྲན་གསོའི་རྟགས་མའི་ཡན་ལག་ནི་རི་ཀླུང་དང་། ཀྲུང་གོའི་མདུད་པ། དར་དཔྱངས་དམར་པོ་སོགས་ཀྱི་གཞི་རྒྱུ་ལས་གྲུབ་པ་ཞིག་ཡིན་པ་དང་། དེའི་ཐོག“གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་ངོ་50འཁོར”ཞེས་པའི་ཡི་གེ་བརྐོས་ཡོད་ཅིང་། འདིས་ཏང་ཡོན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དཔའ་ངར་ཆེན་པོས་རྩེ་མོར་འཛེགས་ཏེ་ནམ་ཡང་ལང་ཚོ་རྒྱས་པར་བྱེད་པའི་ནང་དོན་སྟོན་པར་བྱས་ཡོད།