འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་17ཉིན།

༄༅།།ཨ་རིའི་ནུས་ཁུངས་སྦུག་ལམ་ལ་མཁས་ནག་གི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེ་ཨུ་རུ་སུ་དང་འབྲེལ་བ་མེད་བཤད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་5ཚེས་13ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས། ཨ་རིའི་ཁོ་ལའོ་ཉིར་སྦུག་ལམ་སྐྱེལ་འདྲེན་ཀུང་སི་ལ་མཁས་ནག་གི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེ་ཨུ་རུ་སུའི་སྲིད་གཞུང་དང་འབྲེལ་བ་མེད་བཤད། ཡིན་ནའང་། ཁོང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ཐུག་འཕྲད་བྱེད་དུས་དྲ་རྒྱའི་ནག་ཉེས་གནད་དོན་སྐོར་བཤད་པའི་རེ་བ་ཡོད་པ་བཤད། 
     པའེ་ཏེང་གིས་ཉིན་དེར་ཕོ་བྲང་དཀར་པོ་ནས་བཤད་དོན། ཨ་རི་ཕྱོགས་ཀྱིས་ཨུ་རུ་སུ་སྲིད་གཞུང་དང་ཁོ་ལའོ་ཉིར་སྦུག་ལམ་སྐྱེལ་འདྲེན་ཀུང་སི་ལ་མཁས་ནག་གི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་བར་འབྲེལ་བ་མེད་པ་འདོད་མོད། ཡིན་ནའང་། ཨ་རི་ཕྱོགས་ལ་ཡིད་ཆེས་པའི་རྒྱུ་མཚན་འཐུས་ཚང་ཡོད་པ་ནི། དྲ་རྒྱའི་འཇབ་རྒོལ་བྱེད་མཁན་མི་དེ་ཨུ་རུ་སུར་སྡོད་ཡོད་པ་དེ་རེད། 
     པའེ་ཏེང་གིས། འགན་ཁུར་བའི་རྒྱལ་ཁབ་ཀྱིས་མཉེན་ཆས་བཙན་ལེན་དྲ་རྒྱའི་ནག་ཉེས་ལ་བྱ་སྤྱོད་ངེས་པར་དུ་སྤེལ་དགོས། ཨ་རི་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་དེའི་ཐད་ལ་འབྲེལ་བ་བྱེད་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་སྤྱིའི་ཚད་གཞི་འཛུགས་རྒྱུ་ཚོད་ལྟ་བྱ་རྒྱུ་དང་། ཁོང་གི་ཕུའུ་ཅིང་དང་ཐུག་འཕྲད་བྱེད་དུས་དེའི་ཐད་བགྲོ་གླེང་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། 
     ཁོ་ལའོ་ཉིར་སྦུག་ལམ་སྐྱེལ་འདྲེན་ཀུང་སིས་ལས་གཉེར་བྱེད་པའི་སྦུག་ལམ་ནི་ཨ་རིའི་སྣུམ་གྲུབ་མའི་སྦུག་ལམ་གཙོ་ཆེ་ཤོས་ཀྱི་གྲས་ཤིག་རེད། ཟླ་འདིའི་ཚེས་7ཉིན། མཁས་ནག་གིས་གསང་སྡོམ་གྱི་བྱེད་ཐབས་ལ་བརྟེན་ནས་ཀུང་སི་དེའི་རྩིས་འཁོར་མ་ལག་ལ་སྒོ་ལྕགས་བརྒྱབ་པ་མ་ཟད་གསང་བའི་ཡིག་ཆ་བརྐུས་ནས་སྒོ་ལྕགས་འགྲོལ་རྒྱུ་དེ་ཆ་རྐྱེན་དུ་བྱས་ནས་དངུལ་བཙན་ལེན་བྱེད་རྩིས་བྱས། ཀུང་སི་དེས་སྐབས་ཤིག་རིང་ནུས་རྒྱུ་མཁོ་སྤྲོད་དྲ་རྒྱ་ཧྲིལ་པོ་སྒོ་རྒྱག་དགོས་བྱུང་བས། ཨ་རིའི་ཤར་མཚོ་ངོགས་ཀྱི་འབར་སྣུམ་སོགས་ནུས་རྒྱུ་མཁོ་སྤྲོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།
     ཚེས་10ཉིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་མཁས་ནག་རྩ་འཛུགས“མུན་ནག་ངོས”ཀྱིས་ད་ཐེངས་ཀྱི་དྲ་རྒྱའི་འཇབ་རྒོལ་ལག་ལེན་བསྟར་བའི་ངོས་འཛིན་བྱས་པ་དང་། མཁས་ནག་རྩ་འཛུགས་དེའི་རྟེན་གཞི་ཨུ་རུ་སུའམ་ཡོ་རོབ་ཤར་མའི་རྒྱལ་ཁབ་ཏུ་བཙུགས་ཡོད་ཅེས་བརྗོད་པ་རེད། ཚེས་11ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོའོ་ཧྥུ་ཡིས་ཨུ་རུ་སུ་ནི་ད་ཐེངས་ཀྱི་དྲ་རྒྱའི་འཇབ་རྒོལ་དང་འབྲེལ་བ་མེད་ཅེས་བསྟན། 
     པའེ་ཏེང་གིས་ཟླ་4པར་ཕུའུ་ཅིང་དང་འདི་ལོའི་དབྱར་ཁར་ཡོ་རོབ་ཏུ་དབུ་ཚོགས་འཚོགས་ནས་ཕྱོགས་གཉིས་པོའི་འབྲེལ་བར་གྲོས་བསྡུར་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། པའེ་ཏེང་གིས་ཟླ་5པའི་ཟླ་འགོར་ཟླ་6པར་ཡོ་རོབ་ཏུ་འཚམས་འདྲི་བྱེད་རིང་ཕུའུ་ཅིང་དང་ཐུག་འཕྲད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཉེ་བའི་ལོ་ཤས་རིང་ཨ་རི་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་མུ་མཐུད་ཛ་དྲག་ཏུ་ཕྱིན་ནས་པའེ་ཏེང་སྲིད་གཞུང་སྲིད་སྟེགས་ཐོག་སླེབས་པ་ནས་བཟུང་ཕྱོགས་གཉིས་པོས་དམག་དོན་ཚོད་འཛིན་ཁྱབ་ཁོངས་ཐད་ཚད་ཡོད་ཀྱི་མཉམ་ལས་བྱས་མོད། འོན་ཀྱང་ཝུའུ་ཁོ་ལན་དང་། དྲ་རྒྱའི་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་། འདེམས་བསྐོ་ལ་ཐེ་གཏོགས་སོགས་ཀྱི་གནད་དོན་ཐད་མི་མཐུན་པའི་ཆ་མངོན་གསལ་དོད་པོ་ཡོད་པས་འགྲན་རྒོལ་ཤུགས་ཆེར་ཕྱིན་ཡོད།