འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།“མཁའ་དབྱིངས་ཀྱི་བར་ཁྱམས”ཀྱིས་གངས་ལྗོངས་ས་མཐོའི་ས་གནས་ཁག་ཐག་ཉེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བོད་རིགས་བུ་མོས་ལྷ་སའི་གོང་དཀར་གནམ་ཐང་དུ་གླུ་ལེན་གར་འཁྲབ་བྱས་ཏེ། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་བཞིན་པ།
འདི་ནི་བོད་རིགས་བུ་མོས་ལྷ་སའི་གོང་དཀར་གནམ་ཐང་དུ་གླུ་ལེན་གར་འཁྲབ་བྱས་ཏེ། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་བཞིན་པ།
     ལོ་ངོ་སྟོང་ཕྲག་རིང་། སྐམ་ལམ་གྱི་འགྲིམ་འགྲུལ་ནི་བོད་ནས་ནང་སར་སྐྱོད་པའི་འགྲིམ་འགྲུལ་གྱི་ཐབས་ལམ་འབའ་ཞིག་དེ་རེད།
     1965ལོའི་ཟླ་3པའི་ཟླ་འགོར། པེ་ཅིང་ནས་ཁྲེང་ཏུའུ་དང་ལྷ་ས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཁའ་འགྲུལ་གྱི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།
     བོད་རང་སྐྱོང་ལྗོངས་ས་རྒྱ་ཧ་ཅང་ཆེན་པོ་ཡོད། ལོ་50ལྷག་ཙམ་གྱི་རིང་། “གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲི་ནས“འཛམ་གླིང་ཡང་རྩེའི་ཡང་རྩེ”མངའ་རིས་བར་དང་། “བོད་ཤར་མུ་ཏིག”ཆབ་མདོ་ནས“ས་མཐོའི་འབྲུ་མཛོད”གཞིས་རྩེ་བར་ས་མཐོའི་གནམ་ཐང་5བསྐྲུན་པས། འཛམ་གླིང་གི“མཁའ་དབྱིངས་གསེར་ཟམ”དང་སྦྲེལ་མཐུད་ཐུབ་ཡོད། སྔ་དྲོར་ཕོ་བྲང་པོ་ཏ་ལ་ནས་ཉི་མ་ཤར་བར་ལྟ་བ་དང་། ཕྱི་དྲོར་ཁྲེང་ཏུར་རྒྱ་ཁོག་ཟ་བའི་རྣམ་པ་དེ་ད་ཆ་མངོན་འགྱུར་བྱུང་ཡོད།
     ད་ཆ་མཁའ་འགྲུལ་ནི་བོད་ཀྱི་འགྲིམ་འགྲུལ་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཅིང་། དེ་མངའ་རིས་ས་ཁུལ་དུ་ལྷག་པར་མངོན་གསལ་དོད་པོ་ཡོད། གང་ལགས་ཤེ་ན་ལམ་ཐག་རིང་བས་རེད། དེ་སྔ་མངའ་རིས་སུ་སྡོད་མཁན་གྱི་མི་རྣམས་གལ་སྲིད་ནད་གཞི་ལྕི་པོ་ཕོག་ནས་ཡུལ་དེར་སྨན་བཅོས་བྱེད་ཐབས་བྲལ་བའི་གནས་ཚུལ་འོག དེ་བས་ལེགས་པའི་སྨན་ཁང་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་པར་སྐྱེལ་ཐབས་བྲལ།
     མངའ་རིས་དགུན་ས་གནམ་ཐང་གི་གནམ་གྲུ་ཤར་གཏོང་ཐུབ་པ་དེས་གནས་ཚུལ་དེར་འགྱུར་ལྡོག་ཕྱིན་ཡོད། མངའ་རིས་ནས་ལྷ་ས་བར་གྱི་ཆུ་ཚོད་20ལྷག་ཙམ་གྱི་རླངས་འཁོར་གྱི་ལམ་ཚད་དེ་གནམ་གྲུས་ཆུ་ཚོད་2ལ་སྐྱེལ་གྱི་ཡོད།
     2021ལོའི་ཟླ་3ཚེས་9ཉིན་ཕྲུ་གུ་དམར་འབྱར་པང་དུ་བཏབ་པའི་འགྲུལ་པ་ཞིག་གིས་མངའ་རིས་དགུན་ས་གནམ་ཐང་གི་སྤ་སེ་འཚོང་སྒྲོམ་ནས་ཉིན་དེ་རང་ལ་ལྷ་སར་སྐྱོད་པའི་གནམ་གྲུའི་སྤ་སེ་ཉོ་བཞིན་ཡོད། ཕྲུ་གུ་དམར་འབྱར་དེར་ནད་གཞི་ལྕི་པོ་ཕོག་ནས་ཡུལ་དེ་གའི་སྨན་ཁང་གིས་གློ་ཡུའི་ཡན་ལག་གཉན་ཚད་ཀྱི་གློ་ཚད་དང་དོས་དྲག་གི་ཀླད་རྒྱའི་གཉན་ཚད་ཕོག་པའི་ནད་བརྟག་དཔྱད། དེས་ན་སྨན་བཅོས་ཆ་རྐྱེན་དེ་བས་ལེགས་པའི་གྲོང་ཁྱེར་དུ་སྨན་བཅོས་བྱེད་པར་སྐྱོད་དགོས་ཀྱི་ཡོད། གནམ་ཐང་གིས་ཛ་དྲག་ངང་མཐུན་སྦྱོར་བྱས་པ་བརྒྱུད་ནད་པ་དེ་གནམ་གྲུར་བཏང་བ་མ་ཟད། ད་དུང་ལམ་ཐག་ཧྲིལ་པོར་གསོ་རླུང་ཡང་མཁོ་འདོན་བྱས་ཡོད།
     མངའ་རིས་གནམ་ཐང་ས་ངོས་ཞབས་འདེགས་པུའི་སྨན་པ་བདེ་ཆེན་དབང་མོས། འདི་ནི་གནམ་ཐང་གིས་ནད་གཞི་ལྕི་པོ་ཕོག་པའི་འགྲུལ་པ་དབོར་ཐེངས་དང་པོ་མིན། ལོ་མང་རིང་། མངའ་རིས་དགུན་ས་གནམ་ཐང་གིས་ནད་ཉེན་ཆེ་བ་དང་ནད་གཞི་ལྕི་པོ་ཕོག་པའི་འགྲུལ་པ་50ལྷག་ཙམ་དབོར་ནས་ཚེ་སྲོག་མྱུར་སྐྱོབ་བྱ་ཆེད་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད་ཅེས་བརྗོད།
     བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཆ་སྙོམས་ས་བབ་སྨི་3000ཟིན་ཞིང་། ཡུལ་ལྗོངས་ལྷག་པར་མཛེས། ཉང་ཆུ་ཤང་ཤང་དུ་རྒྱུག་པ་དང་། ཨ་སྔོན་ནམ་མཁར་སྤྲིན་དཀར་ཚོམ་བུ་ལྡིང་། གངས་རི་འཁྱགས་རོམ་ཕན་ཚུན་གཅིག་ལ་གཅིག་འགྲན་གྱི་རྣམ་པ་དེས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
     “ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་མེད་པས། རླངས་འཁོར་ལ་བསྡད་ནས་བསྐྱོད་ཚེ། དཀའ་ལས་ཁག་པོ་འདུག་པས་དེ་ལས་གནམ་གྲུར་བསྡད་ན་སྟབས་བདེ་བ་འདུག རི་བོ་གནམ་ལྕགས་འབར་བ་ཉིང་ཁྲིའི་གནམ་ཐང་དང་ཐག་ཉེ་བས། ང་ཚོས་དེ་གར་ལྟ་བར་བསྐྱོད་རྗེས་ཉིང་ཁྲིར་ལོག་ཆོག”ཅེས་ཧྲང་ཧའེ་ཡི་ཡུལ་སྐོར་བ་ཝང་ལགས་ཀྱིས་བརྗོད། ཁོང་གིས་འདི་ནི་འདི་ལོ་རང་ཉིད་ཕྱིར་སྐྱོད་ཐེངས་དང་པོ་ཡིན་པས་སྔོན་ཚུད་ནས་ལམ་ཐག་ཇུས་འགོད་ཞིབ་ཚགས་བྱས་པ་ཡིན་ཞེས་བརྗོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་སྨན་གླིང་གནམ་ཐང་ནི་བོད་རང་སྐྱོང་ལྗོངས་ཀྱི་གནམ་ཐང་ཆེ་གྲས་གཉིས་པ་དེ་རེད། མཁའ་འགྲུལ་ཀུང་སི་5ཡིས་འཕུར་འགན་ཁུར་ནས་གྲོང་ཁྱེར་8དུ་མཁའ་ལམ་ཤར་གཏོང་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3200ལྷག་ཙམ་ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་240ལྷག་ཙམ་ཟིན་ཡོད།
     ལོ་36ལ་སླེབས་པའི་ཆབ་མདོའི་ཚོང་པ་ཚེ་ཟླས་ད་ཆ་ཀྱོག་ལམ་རེ་རེ་བཞིན་གྲངས་ཀ་རྒྱག་དགོས་ཀྱི་མེད། དེ་སྔ་ཚེ་ཟླ་སྨར་ཁམས་རྫོང་ནས་ལྷ་སར་སྐྱོད་པར་ཉིན་གཉིས་རླངས་འཁོར་བཏང་ནས་འགྲོ་དགོས་ཀྱི་ཡོད་པ་དང་། ལམ་བར་དུ་ལ་བཅུ་ལྷག་ཙམ་རྒྱག་དགོས་ལ། ཀྱོག་ལམ་100ལྷག་ཙམ་བརྒྱུད་དགོས་ཀྱི་ཡོད། “རླངས་འཁོར་གཏོང་སྐབས་མགོ་ཡུར་འཁོར་གྱི་འདུག་ལ་ཚོང་ལ་ཡང་སྐྱོན་རྒྱག་གི་འདུག”ཅེས་ཚེ་ཟླས་བརྗོད།
     2020ལོའི་ལོ་མཇུག་ཏུ། བོད་ལྗོངས་མཁའ་འགྲུལ་གྱིས་ཡུལ་དེའི་ཡུལ་མིར་དམིགས་ཏེ་ལྷ་ས་ནས་མངའ་རིས་དང་ཆབ་མདོའི་བར་གནམ་གྲུའི་སྤ་སེའི་རིན་གོང་ཕྱེད་ཀ་བཅག་པས་ཚེ་ཟླ་དང་འདྲ་བའི་ཚོང་པར་ཕན་པ་ཆེན་པོ་ཐོབ་ཡོད། “གནམ་གྲུར་བསྡད་པའི་རིན་གོང་རླངས་འཁོར་ལ་བསྡད་པ་ལས་ཁེ་བ་འདུག་ལ། ད་དུང་སྟབས་བདེ་བ་དང་བདེ་འཇགས་ཆེ་བ་འདུག ངས་ལྷ་སར་ཚོང་ཟོག་ལ་ལྷོད་ལྷོད་བྱས་ཏེ་བལྟས་ནས་གཞན་དང་ཚོང་ཡག་པོ་འགྲིག་གི་ཡིན”ཞེས་ཚེ་ཟླས་བརྗོད།
     གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་ཁག་67གསར་དུ་ཤར་གཏོང་བྱས་ཤིང་གྲོང་ཁྱེར་21ལ་ཤར་གཏོང་ཐུབ་པའི་མཁའ་ལམ་གསར་དུ་བསྣན་པ་དང་། ལོ་5ཡི་རིང་གསར་དུ་བསྣན་པའི་མཁའ་ལམ་གྱི་གྲངས་འབོར་དེ་སྔའི་ལོ་50ཡི་བསྡོམས་འབོར་ལས་བརྒལ་ནས། རིམ་རྩིས་བྱས་ན་ཡུལ་སྐོར་བ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་2480ལྷག་ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚུངས་ལས་83%འཕར་ཡོད།
     ཕྱིར་སྐྱོད་ཙམ་མིན་པར། བོད་དུ་མཁའ་ལམ་དེ་བས་མང་བ་ཤར་གཏོང་ཐུབ་ནས་མཁའ་འགྲུལ་ཟོག་འདྲེན་གྱིས་བོད་ཀྱི་ལེགས་ཆའི་ཐོན་ཁུངས་ལ་ནུས་ཆེའི་བོད་སྐྱོད་འགྲོ་ལམ་མཁོ་འདོན་བྱས་ཏེ། བོད་ཀྱི་ཁྱད་ལྡན་ཐོན་ཟོག“ཕྱིར་གཏོང”ལ་རམ་འདེགས་བྱས་ཡོད། སྨན་རྫས་སྤྱོད་ཆས་དང་། སྔོ་ཚལ་དང་ཤིང་ཏོག མཚོ་ཟས་སོགས་ཀྱི་དངོས་ཟོག་ནང་ས་ནས་མགྱོགས་མྱུར་བོད་ཀྱི་ཁྲོམ་རར་དབོར་གྱི་ཡོད།
     མཁའ་ལམ་གྱི་དྲ་སྦྲེལ་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གནམ་ཐང་གི་སྒྲིག་ཆས་སྒྲིག་བཀོད་རྒྱུན་ཆད་མེད་པར་གསར་བརྗེས་བྱས་པ། རང་འདེམས་ལས་རེས་འཕྲུལ་འཁོར་མ་ལག་དང་། ཤོག་བུ་མེད་པའི་འགག་སྒྲོལ་མ་ལག གཅིག་འཐུས་རྣམ་པའི་གནས་སྐབས་གནམ་གྲུར་སྡོད་པའི་དཔང་རྟགས་གཉེར་བ་སོགས་ཀྱི་མཐའ་སྣེ་སྤྱོད་འགོ་ཚུགས་པས། ས་མཐོའི་ས་གནས་ཁག་གི་མི་དམངས་མང་ཚོགས་ཚོས“མཁའ་དབྱིངས་ཀྱི་བར་ཁྱམས”བརྒྱུད་འབྲེལ་གཏུག་དེ་བས་ཟབ་ཏུ་ཕྱིན་ཡོད་ལ་སྔོན་ཆད་ཀྱི“ཐག་རིང”དེ་ད་ཆ“ཐག་རིང”གཏན་ནས་མིན།