འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།“འཛམ་གླིང་ཡང་རྩེའི”ཡང་རྩེ་རུ། སྔོ་ཚལ་སོས་པ་རྫོགས་རྒྱུ་མེད།

—— བོད་ལྗོངས་མངའ་རིས་ཀྱི་མང་ཚོགས་ཚོར་མངའ་རིས་ནས་ཐོན་པའི་སྔོ་ཚལ་ཟ་རྒྱུ་ཡོད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་13ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་མངའ་རིས་ལ་“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་ཀྱི་ཡོད། ས་བབ་མཐོ་ཙམ་ཡོད་པས་སྔོན་ཆད་མངའ་རིས་སུ་སྔོ་ཚལ་སྐྱེས་མི་ཐུབ་པས་ཕྱི་ཕྱོགས་ནས་དབོར་རྒྱུ་ལས་མ་འདས། ཉེ་བའི་ལོ་ཤས་རིང་ས་གནས་དེས་སྔོ་ཚལ་བཏབ་པས། ས་གནས་དེ་གའི་མང་ཚོགས་ཚོར་ས་གནས་དེ་རང་ནས་ཐོན་པའི་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད།
     དཔྱིད་ཟླ་བཞི་པར་རྒྱལ་ནང་ས་ཕྱོགས་ཁག་ཏུ་དཔྱིད་དཔལ་རབ་ཏུ་བཞད་ཀྱང་། ས་མཐོའི་ཟླ་ལྔ་པར་སྔར་བཞིན་གྲང་ངར་ཆེ། གནམ་གཤིས་གྲང་ངར་ཆེ་ཡང་མངའ་རིས་སྒེར་རྩེ་རྫོང་ཐོན་ལས་གླིང་གི་སྔོ་ཚལ་དྲོད་ཁང་དུ་སྔོ་ཐིང་ངེར་གནས་པ་དང་། ལོ་33ལ་སླེབས་པའི་དབྱངས་ཅན་དྲོད་ཁང་དུ་རྩྭ་ངན་འགོག་བཞིན་འདུག
     དབྱངས་ཅན་གྱིས“འདི་གའི་གནམ་གཤིས་གྲང་ལ་ཐན་ཤས་ཆེ་ཙམ་ཡོད། ལོ་གཅིག་རིང་ཉིན་100ལྷག་ཙམ་ལྷགས་པ་ཆེན་པོ་རྒྱག་གི་ཡོད། སྔོ་ཚལ་སྐྱེ་རྒྱུ་ལྟ་ཅི། ཐ་ན་ལྗོན་ཤིང་ཡང་སྐྱེ་ཁག་པོ་ཡོད།སྔོན་ཆད་འདི་གར་སྔོ་ཚལ་ཧ་ཅང་དཀོན་པོ་ཡོད། མང་ཆེ་བ་ཐག་རིང་ནས་དབོར་ཡོང་གི་ཡོད་པས། སྣེ་ཁ་ཉུང་ལ་རིན་གོང་ཅུང་མཐོ་པོ་ཡོད། དེར་བརྟེན་སྐབས་དེ་དུས་སྔོ་ཚལ་ཟ་ཐུབ་མཁན་ཡང་ཉུང་ཉུང་རེད”ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ཆད་མངའ་རིས་ཀྱི་ས་ཁུལ་མང་ཆེ་བའི་སྔོ་ཚལ་མཁོ་སྤྲོད་ལྷ་ས་ནས་དབོར་བ་དང་། ལམ་བར་དུ་ཉིན་གསུམ་ནས་ལྔ་བར་འགོར་བས། རིན་གོང་ལྷ་ས་གྲོང་ཁྱེར་ལས་ལྡབ་གཉིས་གསུམ་གྱིས་མཐོ་བ་ཡོད་པས། ཚལ་གོང་ཤ་གོང་ལས་མཐོ་བ་ཡོད། སྔོ་ཚལ་ཡུན་རིང་མཁོ་སྤྲོད་འདང་ངེས་མ་ཐུབ་པའི་དབང་གིས་ས་གནས་དེ་གའི་མི་སེར་གྱི་བཟའ་བཏུང་ལ་འཚོ་བཅུད་དོ་སྙོམས་མ་བྱུང་བས་སྙིང་ཀླད་ཁྲག་རྩའི་ནད་ན་བའི་ཉེན་ཁ་ཆེ་རུ་ཕྱིན་ཏེ། གཟུགས་གཞི་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོས་ཡོད། 
     མང་ཚོགས་ལ་སྔོ་ཚལ་དང་བདེ་ཐང་གི་བཟའ་བཅའ་ཟ་ཆེད། ཉེ་བའི་ལོ་ཤས་རིང་ས་གནས་དེས་མ་དངུལ་འབོར་ཆེན་བཏང་སྟེ། སྒར་རྫོང་དང་སྤུ་ཧྲེང་རྫོང་དུ་སྔོ་ཚལ་སྤུས་ལེགས་ཐོན་སྐྱེད་རྟེན་གཞི་བསྐྲུན་ཅིང་། བྲིན་ཚོང་དུད་ཆེན་གྱིས་བྱེད་པོ་བྱས་ནས་རྣམ་གྲངས་ཁྲིད་སྟོན་དང་། མ་དངུལ་རོགས་སྐྱོར། ཆེད་དོན་ལག་རྩལ་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནུས་ཆེའི་ཉི་འོད་དྲོད་ཁང་དང་མཉམ་འདུས་ཅན་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། སྣེ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཚད་ལྡན་ཅན་དང་མཉམ་འདུས་ཅན་གྱི་ཐོན་སྐྱེད་བྱེད་སྟངས་ལག་ལེན་བསྟར་བ་བཅས་བྱས་ནས་སྔོ་ཚལ་མཁོ་སྤྲོད་འགན་སྲུང་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ཡོད། ས་གནས་དེས་དུས་བཀག་བཞིན་ལག་རྩལ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་འདེབས་རྩལ་ཁྱབ་གདལ་དང་གསོ་སྦྱོང་མཛུབ་ཁྲིད་བྱེད་པར་མངགས་ནས་ཚལ་འདེབས་ཞིང་པའི་ལག་རྩལ་མཐོ་རུ་གཏོང་གང་ཐུབ་བྱེད་བཞིན་ཡོད།
     2020ལོར་མངའ་རིས་ས་ཁུལ་གྱིས་སྔོ་ཚལ་མུའུ་2600བཏབ་པར་སྔོ་ཚལ་ཏུན་5300ལྷག་ཙམ་ཐོན་པ་དེ་དུས་མཚུངས་ལས་ཏུན་680འཕར་ཡོད། དེ་དང་དུས་མཚུངས་ས་གནས་དེས་ཞིང་འབྲོག་པར་རང་ཁྱིམ་གྱི་ཚལ་ཞིང་དུ་སྔོ་ཚལ་དྲོད་ཁང་ཆུང་ངུ་བསྐྲུན་ནས་པད་ཚལ་དང་ལ་ཕུག་སོགས་འདེབས་སུ་བཅུག་པས། སྔོ་ཚལ་རང་ཁ་རང་གསོ་ཐུབ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
     ད་ཆ་དབྱངས་ཅན་གྱི་ཁྱིམ་དུ་ལ་ཕུག་དང་། པད་ཚལ། ཧོང་ཀྭ ཞོག་ཁོག སོ་ལོ་སྔོན་པོ། སྲན་མྱུག་སོགས་ཀྱི་སྔོ་ཚལ་རྟག་ཏུ་མཐོང་རྒྱུ་ཡོད།“ད་ཆ་ང་ཚོས་རང་ཉིད་ཀྱིས་བཏབ་པའི་ཚལ་ཟ་བ་མ་ཟད། ཚལ་བཙོངས་པར་ཟླ་རེར་ཡོང་འབབ་སྒོར་3000རག་གི་འདུག ད་ཆ་སྣང་བ་སྐྱིད་པོས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད”ཅེས་དབྱངས་ཅན་གྱིས་བཤད།
     “མངའ་རིས་ཀྱིས་ས་མཐོའི་མྱ་ངམ་ཐང་དུ་སྔོ་ཚལ་དྲོད་ཁང་ཐོན་ལས་འཕེལ་རྒྱས་བཏང་ནས། སྔོན་ཆད་ཀྱི་མྱ་ངམ་ཐང་དུ་ད་ཆ་སྔོ་ཚལ་སྔོ་ཐིང་ངེར་བཏབ་པའི་དྲོད་ཁང་གིས་ཁེངས་ཡོད། ང་ཚོས་རྒྱུན་མཐོང་གི་སྔོ་ཚལ་བཏབ་པ་མ་ཟད། ད་དུང་ཤ་མོའི་རིགས་དང་འབྲི་ཏ་ས་འཛིན་སོགས་ཀྱི་རིགས་ཀྱང་ཚོད་འདེབས་བྱེད་བཞིན་ཡོད། སྣེ་ཁ་མང་པོ་ཚོད་འདེབས་བདེ་བླག་བྱུང་བས་དེ་ནི་མངའ་རིས་ཀྱི་ངོས་ནས་བརྗོད་ན། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་ཞིག་རེད”ཅེས་མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱིས་འདེབས་འཛུགས་ལས་རིགས་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་དོན་གྲུབ་ཀྱིས་བཤད།
     སྔོ་ཚལ་མཁོ་སྤྲོད་འགན་ལེན་དང་རང་ཁ་རང་གསོ་ཡོང་བ་དང་དུས་མཚུངས། མངའ་རིས་ཀྱི་ཤིང་ཏོག་ཞིང་ལས་ཀྱང་ཡར་ངོའི་ཟླ་ལྟར་འཕེལ་བཞིན་མཆིས། ས་གནས་དེས་སྔ་རྗེས་སུ་ཤིང་ཏོག་དང་སྔོ་ཚལ་སྣེ་ཁ་20ལྷག་ཙམ་ནང་འདྲེན་བྱས་ནས། ཤིང་ཏོག་ཧོ་ལུང་གོ་དང་པའེ་ཤང་གོ་དང་། རྒུན་འབྲུམ་སོགས་ནི་རྒྱལ་ནང་གི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ས་བབ་མཐོ་ཤོས་སུ་ཚོད་འདེབས་བྱས་པ་ཞིག་རེད། དེས་ས་གནས་དེ་གའི་འདེབས་གསོའི་སྣེ་ཁ་མང་དུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཚོགས་སུ་ཕྱིན་ཏེ། ས་བབ་མཐོ་བའི་ས་ཁུལ་ལ་འཚམ་པའི་ཞིང་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དེ་བས་འཚོལ་ཞིབ་ཐུབ་ཡོད།