འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་11ཉིན།

༄༅།།ང་ཚེ་གང་ནགས་སྲུང་བ་ཞིག་བྱེད་ཀྱི་ཡིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་11ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། “རིའི་གཤམ་དུ་ལངས་ནས་ཡར་ལྟ་སྐབས་སྔོ་ཐིང་ཐིང་གི་གསོམ་ཤིང་དང་ཤུག་སྡོང་གིས་ཁེངས་འདུག་པས། དངོས་གནས་ལྟ་བས་མི་ངོམས་པ་ཞིག་འདུག”ཅེས་ལོ་41ལ་སླེབས་པའི་བོད་རིགས་ནགས་སྲུང་བ་ཁྲོ་བོས་ནགས་སྲུང་གི་ཉིན་ཐོའི་དེབ་མཐུག་པོ་འགའ་ཁ་ཕྱེ་སྟེ་སྒོ་འགྲམ་གྱི་གདོད་མའི་ནགས་ཚལ་དེ་དག་ངོ་སྤྲོད་བྱེད་སྐབས་ངོ་གདོང་ལས་སྤོབས་ཉམས་ཤིག་ངང་གིས་འཕྱུར་ཡོང་།
     ཉིན་ཐོའི་ནང་གི་པར་རིས་དེ་དག་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་སྡོམ་ཁོག་ཤང་སྡོམ་ཁོག་གྲོང་ཚོའི་མཛེས་ལྗོངས་རེད། མཐའ་བཞི་རི་བོས་བསྐོར་ཞིང་གྲོག་རོང་མང་བའི་གྲོང་ཚོ་དེར་གྲོང་མི་ཚོས་ཕྱུགས་རིགས་སྐྱོང་བཞིན་འཚོ་བ་འཕྱིད་ཐབས་བྱེད་ཅིང་། ཁྲོ་བོའི་ཁྱིམ་དེ་གར་གནས་ཡོད།
     2000ལོར་ཁྲོ་བོ་དང་སྡོམ་ཁོག་གྲོང་ཚོའི་ཡུལ་མི་140ཡིས་ནགས་སྲུང་རུ་ཁག་ལ་ཞུགས་ཏེ་ཕ་ཡུལ་གྱི་སྤྱི་ལེ་20ལྷག་ཙམ་དང་རྒྱ་ཁྱོན་མུའུ་ཁྲི་52ཡས་མས་ཟིན་པའི་རང་བྱུང་ནགས་ཚལ་སྲུང་སྐྱོང་གི་ལས་ལ་ཞུགས། དེ་ནས་བཟུང་ཁྲོ་བོས་ཉིན་འགའ་སོང་རྗེས་མེ་གསོད་ཆས་དང་། སྦི་ཅི་ལི། པར་ཆས། གུར། སྟབས་བདེའི་བཟའ་བཅའ་སོགས་ཁྱེར་ཏེ་སྦག་སྦག་བཞོན་ནས་རི་སྐོར་རྒྱག་པར་འགྲོ་བ་དང་། འགྲོ་ཐེངས་གཅིག་ལ་ཉིན་བཞི་ལྔ་ཙམ་འགོར་གྱི་ཡོད།
     ནགས་སྲུང་ལས་ཀ་ནི་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། དེ་སྔོན་གྱི་ལས་ཀའི་གཙོ་གནད་ནི་རྐུ་རྒྱག་དང་ལྐོག་རྔོན་ལ་བཀག་འགོག་བྱེད་རྒྱུ་དེ་ཡིན་ཀྱང་། ད་ཆ་ད་དུང་རི་སྐྱེས་སྲོག་ཆགས་དང་གདོད་མའི་ཤིང་ནགས་ཀྱི་སྐྱེ་འཚར་གནས་ཚུལ་ཟིན་ཐོར་འགོད་པ་དང་། གད་སྙིགས་གཙང་སེལ། མངོན་མེད་མེ་ཁུངས་མེད་པར་བཟོ་བ། ཆུ་འགོ་སྲུང་སྐྱོང་སོགས་བྱེད་དགོས་ཀྱི་ཡོད།
     ཉིན་བཞིན་ལེགས་སུ་འགྲོ་བའི་སྐྱེ་ཁམས་ཁོར་ཡུག་ལས་མང་ཚོགས་དེ་བས་མང་བ་རང་མོས་ངང་རི་སྐོར་དང་ནགས་སྲུང་གི་དཔུང་ཁག་ལ་ཞུགས་འདོད་བྱེད་ཀྱི་ཡོད། རྨ་ཆེན་རྫོང་གི་གྲོང་ཚོ་35དང་སྡེ་ཁུལ་8ཚང་མར་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་ཆུང་བཙུགས་པ་དང་། དུད་ཚང་མེ་རེ་ངོ་རེ་དང་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ཡེ་གེ་བཞག་པ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱས་པ། གྲོང་མི་སྒྲིག་འཛུགས་བྱས་ནས་གད་སྙིགས་གཙང་སེལ་བྱས་ཡོད། ད་བར་རྨ་ཆེན་རྫོང་དུ་བདག་སྐྱོང་བ་2358ཡོད་པ་དང་ནགས་སྲུང་རྒྱ་ཁྱོན་མུའུ་ཁྲི་557.21ཟིན་ཡོད།
     ཞོགས་པའི་ཉི་གཞོན་དྭངས་ཤིང་གཙང་བའི་སྡོམ་ཁོག་གཙང་པོར་འཕྲོས་པ་དང་སྦྲགས། ནགས་སྲུང་བ་ཁྲོ་བོས་ཉིན་གཅིག་གི་སྐོར་སྲུང་ལས་ཀ་བྱེད་འགོ་ཚུགས། ཁོང་གིས“ངའི་གཟུགས་པོས་ལྕོགས་ན་མི་ཚེ་གཅིག་ནགས་སྲུང་བ་བྱེད་ཀྱི་ཡིན། ལས་གནས་བརྟན་སྲུང་བྱས་ནས་རྨ་ཆུའི་ཆུ་འགོའི་ཆུ་ཕྲན་ཚང་མ་དང་། ཤིང་རྐང་རེ་རེ། རྩའི་ཉག་མ་རེ་རེ་བཅས་ཚང་མ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།