འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་8ཉིན།

༄༅།།ཀྲུང་གོའི་སྨན་ཁབ་ལ་འཕྲལ་མྱུར་བེད་སྤྱོད་ཀྱི་ངོས་འཛིན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་08ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་སྨན་ཁབ་ལ་འཕྲལ་མྱུར་བེད་སྤྱོད་ཀྱི་ངོས་འཛིན་ཐོབ་པ།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཇེ་ནེ་ཝ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་སྨན་རྫས་ཚོགས་པའི་པེ་ཅིང་སྐྱེ་དངོས་སྨན་རྫས་ཞིབ་འཇུག་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་དངོས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲལ་མྱུར་ངང་བེད་སྤྱོད་གཏོང་བའི་ངོས་འཛིན་ཁས་ལེན་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་གཉེར་བ་ཐན་ཏེ་སའེ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེའི་ཕྱི་དྲོར་ཀྲུང་གོའི་རྒྱལ་ཁབ་སྨན་རྫས་ཏོག་གསར་རིམས་འགོག་སྨན་ཁབ་ལ་འཕྲལ་མྱུར་ངང་བེད་སྤྱོད་གཏོང་བའི་ངོས་འཛིན་ཡི་གེ་སྤྲད་ནས་དེ་ཉིད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་འཇགས་རང་བཞིན་དང་། ཕན་ནུས་རང་བཞིན། སྤུས་ཚད་ཞིབ་བཤེར་ར་སྤྲོད་ཐོབ་པའི་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རིགས་6པར་གྱུར་ཡོད། དེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པའི“ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞི”【COVAX】མཉམ་སྡེབ་རིམས་འགོག་སྨན་ཁབ་མཛོད་ཀྱི་མིང་ཐོ་རྒྱ་ཆེར་བཏང་བ་མ་ཟད། རྒྱལ་ཁབ་ཁག་གིས་ཏོག་གསར་རིམས་འགོག་སྨན་ཁབ་ལ་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ཆོག་མཆན་བྱེད་པ་མགྱོགས་སུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྨན་རྫས་དང་འཕྲོད་བསྟེན་ཐོན་རྫས་ཐོབ་པར་འགན་འཁུར་བའི་སྤྱི་ཁྱབ་ལས་གཉེར་བ་མ་ལི་ཨན་རེ་ལ་ཤིས་མོང་གིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་བའི་ནང་བསྟན་དོན། ཀྲུང་གོའི་རྒྱལ་ཁབ་སྨན་རྫས་ཏོག་གསར་རིམས་འགོག་སྨན་ཁབ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲལ་མྱུར་ངང་བེད་སྤྱོད་གཏོང་བའི་གསལ་ཐོའི་ནང་བཀོད་ན་“འཕྲོད་བསྟེན་ལས་དོན་པ་དང་ཉེན་ཁ་ཆེ་བའི་མི་ཚོགས་ལ་སྲུང་སྐྱོང་རོགས་རམ་ཞུས་པའི་རྒྱལ་ཁབ་དག་ལ་མགྱོགས་མྱུར་ངང་ཏོག་གསར་རིམས་འགོག་སྨན་ཁབ་ཐོབ་རྒྱུར་ཕན་ཐོགས་ཡོད།”
     ཀྲུང་གོའི་རྒྱལ་ཁབ་སྨན་རྫས་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་གསོག་ཉར་བྱེད་སླ་བའི་ཁྱད་ཆོས་ནི་ཐོན་ཁུངས་དཀོན་པའི་ཁོར་ཡུག་ལ་ཧ་ཅང་འཚམ་པོ་ཡོད། དེ་ནི་རིམས་འགོག་སྨན་ཁབ་ཀྱི་ཤེལ་དམ་ལྟ་ཞིབ་ཚད་ལེན་ཡོ་བྱད་ལྡན་པའི་རིམས་འགོག་སྨན་ཁབ་ཅིག་ཀྱང་ཡིན། རིམས་འགོག་སྨན་ཁབ་ཀྱི་ཤེལ་དམ་ངོས་ཀྱི་ཤོག་བྱང་ཆུང་ངུ་དེ་རིམས་འགོག་སྨན་ཁབ་ལ་ཚ་བ་ཕོག་ཚད་དང་བསྟུན་ནས་ཁ་དོག་འགྱུར་གྱི་ཡོད་པས་འཕྲོད་བསྟེན་ལས་གཉེར་མཁན་གྱིས་རིམས་འགོག་སྨན་ཁབ་དེ་བདེ་འཇགས་ཡིན་མིན་བརྡར་ཤ་གཅོད་བདེ་པོ་ཡིན།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་འཐབ་ཇུས་བློ་འདྲིའི་རིགས་གཅིག་མཁས་པ་ཚོགས་ཆུང་གི་བསམ་འཆར་གཞིར་བཟུང་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་ཏོག་གསར་རིམས་འགོག་སྨན་ཁབ་འདི་ལོ་18ཡན་གྱི་དར་མར་སྤྱོད་རྒྱུ་དང་སྨན་ཁབ་ཐེངས་གཉིས་ལ་རྒྱག་པ། བར་ཆོད་ལ་དུས་ཚོད་གཟའ་འཁོར་3ནས་4བར་འཇོག་རྒྱུའི་གྲོས་འགོ་བཏོན་པ་རེད། ཚོད་ལྟའི་ནང་ཞུགས་པའི་ལོ་ཚད་ཚོགས་ཆུང་ཚང་མའི་ཁྲོད། རིམས་འགོག་སྨན་ཁབ་ཀྱིས་ནད་རྟགས་ཐོན་པའི་ནད་པ་དང་སྨན་ཁང་དུ་སྡོད་པའི་ནད་པར་ཕན་ནུས་ཐོན་ཚད་ནི་དཔྱད་དཔོག་79%ཟིན་ཡོད་པ་རེད། གཞན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་རྒྱལ་ཁབ་སྨན་རྫས་ཏོག་གསར་རིམས་འགོག་སྨན་ཁབ་བཀོལ་སྤྱོད་བྱེད་པའི་ལོ་ཚད་མཐོ་ཤོས་ཚད་བཀག་མི་བཟོ་བའི་བསམ་འཆར་བཏོན། རྒྱུ་རྐྱེན་ནི་དཔྱད་དཔོག་གྲངས་གཞིའི་ཐོག་ནས་རིམས་འགོག་སྨན་ཁབ་དེས་རྒན་རྒོན་ལའང་སྲུང་སྐྱོང་གི་ནུས་པ་ཐོན་པ་མངོན་ཡོད།
     དེ་སྔོན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་རིམས་འགོག་སྨན་ཁབ་རིགས་5ལ་འཕྲལ་མྱུར་ངང་བེད་སྤྱོད་གཏོང་བའི་ངོས་འཛིན་ཁས་ལེན་བྱས་པ་དང་། དེ་ནི་ཨ་རིའི་ཧུའེ་རུའེ་སྨན་བཟོ་ཚད་ཡོད་ཀུང་སི་དང་འཇར་མན་སྐྱེ་དངོས་ལག་རྩལ་ཀུང་སིའི་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་དང་། དབྱིན་ཇིའི་ཨ་སི་ལི་ཁང་སྨན་བཟོ་ཀུང་སི་དང་ཨོ་ཁེ་སི་ཧྥོ་ཏེ་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱས་པའི་ཨ་སི་ལི་ཁང་རིམས་འགོག་སྨན་ཁབ་རིགས་གཉིས། ཨ་རིའི་ཇང་སེན་ཀུང་སིའི་མངའ་འོག་གི་ཅན་སེན་སྨན་བཟོ་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་དང་དེ་བཞིན་ཨ་རིའི་མོ་ཏེ་ན་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་བཅས་རེད།