འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་8ཉིན།

༄༅།།སྐལ་བཟང་དོན་གྲུབ་ཏང་གི་སྐྱིད་སྡུག་དང་ལས་གནས་གཉིས་ཀ་ནས་ཕྱིར་འབུད་བཏང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་08ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་དེ་སྔའི་རྫོང་ཨུད་ཧྲུའུ་ཅི་གཞོན་པ། རྫོང་དཔོན་སྐལ་བཟང་དོན་གྲུབ་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    ཞིབ་བཤེར་བྱས་པ་བརྒྱུད། སྐལ་བཟང་དོན་གྲུབ་ཀྱིས་ཕུགས་འདུན་ཡིད་ཆེས་ཤོར་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་འགལ་བ་དང་སྒྲིག་ཁྲིམས་འདུ་ཤེས་ཉམས་ཤིང་། ཆབ་སྲིད་ལ་མི་བརྩི་བ། རྩ་འཛུགས་ཀྱི་ལྐོག་ཏུ་བྱ་ངན་བྱེད་པ་དང་། སྤྱང་མདོག་བྱེད་པ། སྒྲིག་འགལ་ངང་སྤྱི་སྤྱོད་རླངས་འཁོར་སྤྱོད་པ། དྲང་བདེན་ངང་སྤྱི་དོན་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་མགྲོན་དང་ལེན་བྱས་པ། མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུ་མི་བྱེད་པ། མི་སྒེར་གྱི་འགྲོ་ཡུལ་ངོ་མ་མི་བཤད་པ། རྩ་འཛུགས་ཀྱིས་འདྲི་རྩད་བྱེད་དུས་གནད་དོན་དྲང་པོ་མི་བཤད་པ། སྒྲིག་འགལ་ངང་གཉེན་ཉེ་ལ་ཐེམ་ཐོ་སྤོ་བསྒྱུར་བཀོད་སྒྲིག་བྱས་པ། ལས་ཐོག་གི་སྟབས་བདེ་སྤྱད་ནས་མི་གཞན་ལ་ཁེ་ཕན་རག་ཐབས་བྱེད་པ། ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་ནོར་དང་ལེན་བྱས་པ་རེད།

    སྐལ་བཟང་དོན་གྲུབ་ཏང་ཡོན་འགོ་ཁྲིད་ལས་བྱེད་ཡིན་ནའང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས་བཅས་དང་ཚབས་ཆེན་འགལ་ཞིང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བས། ལས་ཐོག་ཁྲིམས་འགལ་ཏུ་གྲུབ་པ་མ་ཟད་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞིའང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཚོད་མི་འཛིན་པ་དང་ལག་མི་སྐུམ་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་ད་དུང་མཚམས་འཇོག་མི་བྱེད་པ་དང་ངོ་ཚ་མི་ཤེས་པས་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་སྐལ་བཟང་དོན་གྲུབ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁོ་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པར་སྐྱེལ་སྤྲོད་བྱ་རྒྱུ། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཆོད་དོན་བཞག་པ་རེད།