འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་25ཉིན།

༄༅།།ཁུ་ནག་གི་རིན་གོང་སྤར་རྒྱུ་ཡིན་པ་བཤད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་25ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁུ་ནག་གི་རིན་གོང་སྤར་རྒྱུ་ཡིན་པ་བཤད།
    མི་དམངས་དྲ་བའི་འཕྲིན། གསར་འགྱུར་སྤེལ་བར་ལྟར་ན། ཉེ་ཆར། ཁོལ་ཁོལ་ཁུ་ནག་གི་རིན་གོང་སྤར་རྒྱུའི་ཆ་འཕྲིན་ལ་ལས་རིགས་ནང་ཁུལ་ནས་དོ་ཁུར་བྱུང་ཡོད། ཨ་རིའི་སྨྱན་སྦྱོར་གྱིས་གསར་འགྱུར་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་19ཉིན། ཁོལ་ཁོལ་ཁུ་ནག་ཀུང་སིའི་CEOཇེམ་སི་ཁུན་ཞི་ཡིས། རྒྱུ་ཆའི་རིན་གོང་ཇེ་མཐོར་སོང་བས། ཀུང་སི་དེས་ཐོན་རྫས་ཀྱི་རིན་གོང་སྤར་རྒྱུའི་འཆར་གཞི་ཡོད་པ་བསྟན། 
   ཤེས་རྟོགས་བྱུང་བར་གཞིགས་ན། ཁོལ་ཁོལ་ཁུ་ནག་གི་རིན་གོང་སྤར་ཐེངས་སྔོན་མ་ནི་ལོ་གསུམ་གྱི་གོང་རེད། 2018ལོར། ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོམ་ཕུ་ཡིས་སྲིད་འཛིན་སྐབས་སུ། ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་10%སྣོན་རྒྱུ་བྱས་པས། བཏུང་ཆུའི་དམ་བེ་ཐོན་སྐྱེད་རིན་གོང་ཇེ་མཐོར་སོང་བ་དང་། ཁོལ་ཁོལ་ཁུ་ནག་གིས་རིན་གོང་སྤར་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 
   ཐེངས་འདིར་ཁུ་ནག་གི་རིན་གོང་སྤར་བ་ཐོན་རྫས་གང་དང་འབྲེལ་བ་ཡོད་དམ། ཀྲུང་གོའི་ས་ཁུལ་གྱི་ཐོན་རྫས་ཀྱང་དེ་ལྟར་རིན་གོང་འཕར་རྒྱུ་ཡིན་ནམ། ཟླ་4ཚེས་23ཉིན། ཁོལ་ཁོལ་ཁུ་ནག་ཀྲུང་གོའི་འགན་འཁུར་བས་གསར་འགོད་པ་ལ། “ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་ཐད་མིག་སྔར་ང་ཚོ་ལ་འབྲེལ་ཡོད་ཆ་འཕྲིན་མེད”ཅེས་བཤད། 
    འགན་འཁུར་བས་མཁོ་འདོན་བྱས་པའི་ཆ་འཕྲིན་ལས་མངོན་གསལ་ལྟར་ན། ཉེ་ཆར་ནོར་དོན་སྙན་ཞུ་ཁ་པར་ཚོགས་འདུའི་(2021ལོའི་དུས་ཚིགས་དང་པོ)ཐོག ཁོལ་ཁོལ་ཁུ་ནག་ཕྱོགས་ཀྱིས། “ང་ཚོས་དེ་སྔའི་ནོར་དོན་སྙན་ཞུ་ཁ་པར་ཚོགས་འདུའི་(2020ལོའི་དུས་ཚིགས་བཞི་བ)ཐོག་བཤད་མྱོང་ཡོད། ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་འཕར་རུང་། ང་ཚོས་ཉེན་འགོག་གང་ལེགས་བྱས་པས། སྔོན་དཔག་བྱས་ན་2021ལོའི་ཤུགས་རྐྱེན་ལྟོས་བཅས་ཀྱིས་ཆེན་པོ་མེད། མིག་སྔར་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་སྔར་བཞིན་མུ་མཐུད་དུ་འཕར་བཞིན་ཡོད། ང་ཚོས་མཁོ་འདོན་སྦྲེལ་ཐག་གིས་སྤྲད་པའི་གནོན་ཤུགས་ལ་དོ་ཁུར་ཟབ་མོ་བྱེད་བཞིན་ཡོད། དཔེར་ན། ཤིང་འབྲས་མངར་ཁུ་དང་། PETརྒྱུ་ཆ། ལྕགས་རིགས། དེ་མིན་ཐུམ་རྒྱག་རྒྱུ་ཆ་དག་རེད། མིག་སྔའི་གནས་ཚུལ་འོག  ང་ཚོས་སྔར་མུས་ལྟར་ཡོང་འབབ་འཕར་བའི་དོ་དམ་འཆར་གཞི་སྐུལ་འདེད་བྱ་རྒྱུ་དང་། ལུགས་དང་མཐུན་ཞིང་རིན་གོང་སྣ་མང་གི་ཐུམ་རྒྱག་སྡེབ་ཚན་ཇུས་འགོད་བྱས་པ་བརྒྱུད། ང་ཚོས་འཛད་སྤྱོད་པ་ལ་རིན་གོང་མི་འདྲ་བའི་ཁྱབ་ཁོངས་ཀྱི་ཐོན་རྫས་བདམས་གསེས་མཁོ་འདོན་བྱས་ནས་དགོས་མཁོ་སྣ་མང་སྐོང་རྒྱུ་ཡིན་པ་དང་། དུས་མཚུངས་སུ་འཛད་སྤྱོད་པ་ལ་རིན་ཐང་སྔར་བས་མང་བ་བསྐྲུན་རྒྱུ་ཡིན་པ་བསྟན། 
    གསར་འགོད་པས་དོ་སྣང་བྱུང་དོན། ཟླ་4ཚེས་19ཉིན། ཁོལ་ཁོལ་ཁུ་ནག་གིས་2021ལོའི་དུས་ཚིགས་དང་པོའི་ནོར་དོན་སྙན་ཞུ་སྤེལ་བ་རེད། ནོར་དོན་སྙན་ཞུ་ལས་མངོན་གསལ། ཁོལ་ཁོལ་ཁུ་ནག་གི་དུས་ཚིགས་དང་པོའི་ཡོང་འབབ་ནི་ཨ་སྒོར་དུང་ཕྱུར་90.2ཡིན་ཞིང་། དེ་ནི་ན་ནིང་དུས་མཉམ་དང་བསྡུར་ན་5%འཕར་ཡོད་པ་དང་། ཁྲོམ་རའི་སྔོན་དཔག་ལས་ཨ་སྒོར་དུང་ཕྱུར་86བརྒལ་ཡོད། གཉེར་སྐྱོང་ཁེ་སྤོགས་ན་ནིང་གི་དུས་མཉམ་དང་བསྡུར་ན་14%ཇེ་མང་དུ་སོང་ཡོད། མ་རྐང་རེའི་ཡོང་འབབ་ཨ་སྒོར་0.55ཡིན་པ། དེ་ཡང་ཁྲོམ་རའི་སྔོན་དཔག་ལས་ཨ་སྒོར་སྒོར་0.5མཐོ། དེའི་ཁྲོད་དུ། ཡ་གླིང་ས་ཁུལ་དུ་སྒམ་རེའི་ཚོང་ཚད་ནི་ན་ནིང་གི་དུས་མཉམ་དང་བསྡུར་ན་9%འཕར་ཡོད། དེ་ནི་གཙོ་བོ་ཀྲུང་གོ་དང་རྒྱ་གར་གྱི་ཚོང་ར་ཤུགས་ཆེན་པོས་འཕར་ཡོད་པས་རེད།
   རིགས་བགར་ནས་བལྟས་ན། 2021ལོའི་དུས་ཚིགས་དང་པོར། ཁོལ་ཁོལ་ཁུ་ནག་རླངས་འདུས་བཏུང་བ་འཇམ་པོའི་འཕར་ཚད་4%ཡིན་ཞིང་། དེའི་ཁྲོད་དུ་ཀྲུང་གོ་ནས་“བརྟན་ལྷིང་ངང་འཕར་བ”མངོན་འགྱུར་བྱུང་ཡོད། གཞན་ཡང་། ཀུང་སི་དེས་བཤད་དོན། འཚོ་བཅུད་བཏུང་ཆུ་དང་སིལ་ཁུ། འོ་མ། རྩི་ཤིང་བཏུང་ཆུ་རིགས་ཀྱི་གོ་ལ་ཡོངས་ཀྱི་སྒམ་རེའི་འགྲེམས་ཚོང་ཚད་3%འཕར་ཡོད། འདི་ནི་གཙོ་བོ་ཀྲུང་གོའི་ཚོང་རའི་རྒྱ་སིལ་ཁུ་བ་དང་རྒྱ་གར་ཚོང་རའི་Maazaཡིས་བསྐུལ་བས་རེད། 
   ད་དུང་བཤད་རིན་ཡོད་པ་ཞིག་ལ། ཁོལ་ཁོལ་ཁུ་ནག་གི་རྗེས་སུ། ཟླ་4ཚེས་21ཉིན། པའོ་ཅེ་ཀུང་སི་ཡང་རིན་གོང་སྤར་བའི་གྲས་ཞུགས་ཡོད། པའོ་ཅེ་ཀུང་སིས་བསྟན་དོན། ད་ལོའི་ཟླ་9པ་ནས་བཟུང་ཕྲུ་གུ་དམར་འབྱར་གྱིས་སྤྱོད་པའི་ཐོན་རྫས་དང་དར་མའི་གཅིན་ཤོག  བུད་མེད་ཀྱི་མཁོ་ཆས་སོགས་ཀྱི་རིན་གོང་སྤར་རྒྱུ་སྟེ། འཕར་ཚད་5%-9%བར་རིམ་པ་མི་འདྲ་བ་བསྟན།