འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅།།སྒོར་ཁྲི་21བཏང་ནས་གསབ་ཁྲིད་བྱས་ཀྱང་སྐར་མ་59ལས་ཐོབ་མེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་གྱི་ཆུ་ཚོད་15ཡས་མས་སུ། ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུས་ཧྲ་ཕིང་པ་ཆུས་ཡན་ལག་ཅུས་110མྱུར་ཐག་གཅོད་སའི་མི་དམངས་ཉེན་རྟོག་པར། ཧྲ་ཕིང་པ་སན་ཇའོ་པེ་ཡི་གསོ་སྦྱོང་སྒྲིག་གཞི་ག་གེ་མོ་ཞིག་ལ་མི་ཞིག་གིས་ཟིང་ཆ་སློང་གིན་ཡོད་པའི་བརྡ་འབྱོར་བ་རེད། 
    མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་ནས་ཤེས་རྟོགས་བྱས་རྗེས། ཉེན་བརྡ་རྒྱག་མཁན་ནི་གྲངས་རིག་གསོ་སྦྱོང་སྒྲིག་གཞི་ག་གེ་མོ་ཞིག་གི་འགན་འཁུར་བ་ཡིན་པ་དང་། ཁོང་གིས་རང་ཉིད་ལ་སྐྱེས་པ་ཞིག་དང་བུད་མེད་གཉིས་བཅས་མི་གསུམ་གྱི་འཇིགས་སྐུལ་ཐེབས་ཡོད་ཚུལ་བཤད། དེ་ནི་སྐྱེས་པ་དེའི་བུ་མཐོ་འབྲིང་ལོ་རིམ་གསུམ་པ་ཡིན་པས། གྲངས་རིག་གི་སྦྱང་འབྲས་ཇེ་མཐོར་གཏོང་ཆེད། མི་གཞན་གྱི་ངོ་སྤྲོད་བརྒྱུད། གྲངས་རིག་གསོ་སྦྱོང་སྒྲིག་གཞི་འདི་དང་འབྲེལ་བ་བྱས་པ་རེད། 
ད་ལོའི་ཚུན། སྐྱེས་པ་དེས་སྔ་གཞུག་ཏུ་སྒོར་ཁྲི་21གྲངས་རིག་གསབ་ཁྲིད་ཀྱི་སློབ་ཡོན་ལ་སྤྲད་ཡོད། སྐྱེས་པ་དེས་སྒོར་མོ་མང་པོ་བཏང་རྗེས་བུ་ཕྲུག་གི་སྦྱང་འབྲས་ལ་ཡར་ཐོན་ཡོད་ངེས་པ་བསམ་ཡང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཉེ་ཆར་གྱི་ཚོད་ལྟའི་ཡིག་རྒྱུགས་སུ། བུ་ཕྲུག་གི་རྒྱུགས་སྐར་ནི་59ལས་ཐོབ་མེད་པས་སྔོན་དཔག་དང་བར་ཁྱད་ཆེན་པོ་ཤོར་ཡོད། སྐྱེས་པ་དེས་དང་ལེན་བྱེད་མ་ཐུབ་པར་ཁྱིམ་མི་ཚོ་དང་མཉམ་དུ་གསོ་སྦྱོང་སྒྲིག་གཞི་རུ་གནས་ལུགས་བཤད་པར་ཡོང་། 
     ཁྱིམ་བདག་གིས་རང་གིས་སྒོར་ཁྲི་21བཏང་ཡང་སྦྱང་འབྲས་ཡར་བསྐྱེད་མེད་པས།  སྒྲིག་གཞི་དེས་རང་ཉིད་མགོ་གཡོག་པར་འདོད། 
གསོ་སྦྱོང་སྒྲིག་གཞིས་བུ་ཕྲུག་དེའི་རྒྱུགས་སྐར་20ལྷག་ནས་ད་ལྟའི་རྒྱུགས་སྐར་59ཐོབ་པ་དེ་ནི་ཡར་ཐོན་ཡིན་ཞིང་། ཁྱིམ་བདག་གིས་རང་ཉིད་ཀྱི་བྱ་བར་ཁས་མི་ལེན་པ་མ་ཟད། ད་དུང་འཕྱ་དམོད་དང་འཇིགས་སྐུལ་བྱས་པས། ཕྱོགས་གཉིས་ཕན་ཚུན་བར་རྩོད་པ་ཤོར།
   མི་དམངས་ཉེན་རྟོགས་པས་མགྱོགས་པོར་དེ་གཉིས་ལ་བར་འདུམ་བྱས་པ་སྟེ། ཐོག་མར་ཁྱིམ་བདག་ལ་བུ་ཕྲུག་གི་སྦྱང་འབྲས་ཡར་ཐོན་ཡོང་བའི་རེ་བ་དེ་སྒོར་མོ་མང་པོ་བཏང་ནས་གསབ་ཁྲིད་བྱེད་པ་ཁོ་ནའི་སྟེང་བཅོལ་མི་རུང་བ་དང་། གསབ་ཁྲིད་ཀྱི་ཕན་ནུས་ལ་རེ་བ་ཆེན་པོ་བཅངས་མི་རུང་ཚུལ་བཤད། དེ་ནས། གྲོན་དངུལ་ལུགས་དང་མི་མཐུན་སྙམ་ན། སློབ་ཨུད་སོགས་འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་ཞུས་ཆོག  གལ་ཏེ་དགོས་པ་ཡོད་ན་དམངས་དོན་གཏུག་བཤེར་བྱས་ནས་ཁྲིམས་སྦྱོར་ཐག་གཅོད་བྱས་ཆོག  མི་དམངས་ཉེན་རྟོག་པས་ད་དུང་གསོ་སྦྱོང་སྒྲིག་གཞིའི་འགན་འཁུར་བ་ལ་སློབ་ཡོན་བསྡུ་བའི་ཚད་གཞི་དང་། སློབ་མ་སློབ་ཚན་ལ་ཡོང་བའི་འབྱོར་ཐོ་ཁྱིམ་བདག་ལ་བསྟན་ནས་རྒྱུ་འཕྲི་སླ་བཅོས་བྱས་མེད་པ་ར་སྤྲོད་པའི་གྲོས་འགོ་བཏོན།
    མི་དམངས་ཉེན་རྟོག་པས་མཇུག་མཐར་ཕྱོགས་གཉིས་ཀས་ཁྲིམས་མཐུན་ལུགས་མཐུན་གྱི་བྱེད་ཐབས་བརྒྱུད་ནས་འགལ་བ་ཐག་གཅོད་དགོས་པ་ལས། ངར་ལངས་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མི་སྤེལ་བའི་བསླབ་བྱ་བཏང་བར།  ཕྱོགས་གཉིས་ཀས་ལྷོད་ལྷོད་ངང་གྲོས་ཡག་པོ་བྱས་ནས་དོན་དག་ཐག་གཅོད་རྒྱུ་ཡིན་ཚུལ་བསྟན།