འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་22ཉིན།

༄༅།།མི་མིང་ལ“བཅིངས་འགྲོལ”འདོགས་སྲོལ་གྱི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་22ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    དཔྱིད་སྒང་དུ་སླེབས་སྐབས་ས་མཐོའི་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལྷ་ས་གྲོང་ཁྱེར་གྱི་ཤར་འདབས་སུ་གནས་པའི་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གླིང་ལྔ་གྲོང་ཚོར་ལོ་62ལ་སླེབས་པའི་བཅིངས་འགྲོལ་ཞེས་སུ་འབོད་པའི་བོད་རིགས་བགྲེས་སོང་ཞིག་འཚོལ་བར་བསྐྱོད།
   ཉི་འོད་རབ་ཏུ་འཚེར་བའི་འོག་བགྲེས་སོང་གི་ཁྱིམ་གྱི་སྒོ་རའི་ནང་དཔྱིད་དཔལ་རབ་ཏུ་བཞད་པ་དང་མེ་ཏོག་ཁྲ་ལྷམ་མེར་བཞད་འདུག བགྲེས་སོང་གིས་མེ་ཏོག་ལ་ཆུ་རྒྱག་ཞོར་དུ་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་རིགས་ཀྱི་མིང་ལ་བཅིངས་འགྲོལ་ཞེས་འདོགས་མཁན་མང་པོ་ཡོད། མིང་དེས་ང་ཚོའི་ཁྱིམ་གྱི་ལས་དབང་གི་འགྱུར་ལྡོག་མཚོན་གྱི་ཡོད་ཅེས་བཤད།
    1951ལོའི་ཟླ་5ཚེས་23ཉིན་པེ་ཅིང་དུ《བོད་ཞི་བས་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ལ་མིང་རྟགས་བཀོད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད།
    ལོ་ངོ་70ཡི་ནང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་ཞི་བས་བཅིངས་འགྲོལ་ཞེས་པའི་དོན་ཆེན་དེ་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་སེམས་ལ་བརྟན་པོར་ངེས་ཡོད། བཅིངས་འགྲོལ་ཞེས་པ་དེ་བོད་རིགས་མང་ཚོགས་མང་པོའི་ཐུན་མོང་གི་མིང་ལ་གྱུར་ཡོད།
   བགྲེས་སོང་བཅིངས་འགྲོལ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་1959ལོར་སྐྱེས་པ་དང་གཅེན་པོ་གཉིས་དང་བསྡུར་ན་ཁོང་ལ་ལམ་འགྲོ་ཆེན་པོ་ཡོད། ལོ་དེར་ས་མཐོར་དམངས་གཙོའི་བཅོས་སྒྱུར་བྱས་པས་བོད་རྙིང་པའི་མུན་ནག་དང་རྗེས་ལུས་ཀྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱའི་ལྕགས་སྒྲོག་མེད་པར་བཟོས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བཅིངས་འགྲོལ་དམག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རབས་ནས་མི་རབས་ལ་གཉའ་གནོན་གཏོང་མཁན་མངའ་བདག་ཆེན་པོ་གསུམ་མགོ་རྟིང་སློག་ཡོད།
   “གལ་སྲིད་གཅེན་པོ་གཉིས་ལོ་ཁ་ཤས་ཀྱི་རྗེས་སུ་སྐྱེས་ཡོད་ཚེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོང་ངེས་རེད”ཅེས་བཤད། བཅིངས་འགྲོལ་གྱི་གཅེན་པོ་གཉིས་ཞི་བས་བཅིངས་འགྲོལ་མ་བཏང་གོང་སྐྱེས་པ་དང་སྐབས་དེ་དུས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པའི་དབང་གིས་ཆུང་དུས་ནས་གྲོངས་པ་རེད།
    ཕ་མ་གཉིས་དང་ཁོང་ཚོ་དང་འདྲ་བའི་ཞིང་བྲན་ཚོས་རེ་སྒུག་ཆེན་པོ་བྱས་མཐར་བཅིངས་འགྲོལ་དངོས་འབྲེལ་བཏང་ཡོད་པ་རེད། བཅིངས་འགྲོལ་གྱི་ཕ་མ་གཉིས་ཀྱིས་དེ་སྔ་ཁོང་ལ“བཅིངས་འགྲོལ་དམག་མིས”ཞིང་བྲན་ཚོར་ས་ཞིང་དང་། སྡོད་ཁང་། གྱོན་གོས་སོགས་སྤྲད་དེ་བསམ་བློར་འཁོར་མྱོང་མེད་པའི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་། བཅིངས་འགྲོལ་དམག་ནི་ཕ་མ་ཚོས་མིག་མཐོང་ལག་ཟིན་ཐུབ་པའི“སངས་རྒྱས་དངོས”དེ་རེད་ཅེས་བརྗོད་མྱོང་ཡོད་པ་རེད།
    བཅིངས་འགྲོལ་ལོ་18ལ་སླེབས་པའི་སྐབས་དེར་གཟི་བརྗིད་ལྡན་པའི་ངང་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཞིག་ཏུ་གྱུར་ཡོད། དེ་ནི་ཁོང་ཚོ་ནང་མི་ཙམ་མ་ཟད། ཐ་ན་གྲོང་མི་ཡོངས་ཀྱི་གཟི་བརྗིད་ཅིག་ཏུ་གྱུར་ཡོད། ཁོང་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ཁོང་ལ་བཀྲ་ཤིས་ཁ་བཏགས་གཡོགས་ནས་དམག་སྒར་ལ་བསྐྱལ་བ་རེད།
    1990ལོར་བཅིངས་འགྲོལ་གྱི་བུ་རྒན་པའང་དཔུང་སྡེའི་ནང་ཞུགས་ནས་ཁྱིམ་ཚང་དེའི་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་མི་རབས་གཉིས་པ་དེར་གྱུར་ཡོད། བཅིངས་འགྲོལ་གྱིས“ང་ཚོས་སྲོལ་རྒྱུན་དེ་རྒྱུན་འཛིན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འཇལ་རྒྱུ་ཡིན”ཞེས་བཤད།
   གླིང་ལྔ་གྲོང་ཚོར་བཅིངས་འགྲོལ་སྐྱེས་པའི་ལོ་དེར་སྤྱི་ལེ་བརྒྱ་ཕྲག་ཡོད་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གཏམ་ཤུལ་གྲོང་ཚོར་སྐྱེས་པའི་བུ་མོ་ཞིག་གི་མིང་ལའང་བཅིངས་འགྲོལ་ཞེས་བཏགས་ཡོད་པ་རེད།
    སྐབས་དེ་དུས་བཅིངས་འགྲོལ་དམག་གིས་གཏམ་ཤུལ་གྲོང་ཚོར་ངོ་ལོག་ཇག་པར་རྡུང་རྡེག་གཏོང་སྐབས་ཨ་མར་བུ་མོ་དེ་སྐྱེས་མ་ཐག་ཡིན་པས་གང་སྤྱིའི་ཐད་སྟབས་བདེ་པོ་མེད་པའི་དབང་གིས་པ་ཕས་མ་སྨད་གཉིས་ཁང་པ་གོག་ཧྲུལ་ཞིག་གི་ནང་དུ་སྦས་ནས་ཨ་ནེ་གསུམ་པ་འཁྲིད་དེ་བཅིངས་འགྲོལ་དམག་གི་དམག་སྒར་དུ་གབ་པ་རེད། ངོ་ལོག་ཇག་པ་ཕྱིར་ཕུད་རྗེས་ཁོང་ཚོ་ནང་མི་ཚོ་སེམས་ལྷོད་ལྷོད་ངང་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། བཅིངས་འགྲོལ་གྱིས“བཅིངས་འགྲོལ་དམག་མེད་ཚེ་ང་དང་ནང་མི་ཚོ་ངོ་ལོག་ཇག་པའི་མེ་མདའི་འོག་ཤི་རྒྱུ་ལས་མ་འདས”ཞེས་བཤད།
    ཞི་བའི་བཅིངས་འགྲོལ་བཏང་རྗེས་ཀྱི་གཏམ་ཤུལ་གྲོང་ཚོའི་མི་དམངས་ཚོས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པ་བྱུང་ཡོད། བུ་མོ་བཅིངས་འགྲོལ་ལོ་16ལ་སླེབས་པའི་སྐབས་དེར་ཧོ་ནན་ཁའེ་ཧྥུང་གི་འཕྲོད་བསྟེན་སློབ་གྲྭར་སྨན་པའི་ལག་རྩལ་སྦྱོང་བར་བསྐྱོད་རྒྱུའི་ཐག་བཅད་པ་དང་། ཁྱིམ་ཚང་དེའི་ནང་སར་ཤེས་བྱ་ཡོན་ཏན་སྦྱོང་བར་སྐྱོད་མཁན་དང་པོ་དེར་གྱུར་ཡོད།
    ཁོང་སློབ་མཐར་ཕྱིན་རྗེས་བོད་ཀྱི་གཞི་རིམ་དུ་སྨན་པའི་ལས་ཀ་བྱས་ནས་བསྡད་པ་དང་ལོ་བཅུ་ཕྲག་ནང་མཚོ་སྨད་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ནད་བཅོས་སྲོག་སྐྱོབ་བྱེད་མཁན་བྱིས་ནད་ཚན་ཁག་གི་སྨན་པ་ཞིག་ཏུ་གྱུར་ཡོད། པ་ཕས་ལོ་དེར་རང་ཉིད་ལ“བཅིངས་འགྲོལ”ཞེས་འདོགས་དོན་ནི་བཅིངས་འགྲོལ་དམག་ཡོད་པ་ལས་ང་ཚོ་ནང་མི་ཚོ་འཚོ་གནས་ཐུབ་པར་ཐུགས་རྗེ་ཆེ་ཞུ་ཆེད་རེད་ཅེས་བཤད།
    བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་བོད་རིགས་མཁས་དབང་འཇམ་དཔལ་རྒྱ་མཚོ་ན་གཞོན་ཡིན་པས་དཔུང་སྡེ་དང་མཉམ་དུ་སྐད་སྒྱུར་བྱེད་པར་བསྐྱོད་ཡོད། ས་ཆ་རེར་སླེབས་སྐབས་ཁོང་གིས་ས་གནས་དེ་གའི་མང་ཚོགས་ཚོར“བཅིངས་འགྲོལ་དམག་ནི་མི་རིགས་ཁག་གི་གཅེན་གཅུང་ཚོ་ལས་གྲུབ་པའི་མི་དམངས་ཀྱི་དཔུང་སྡེ་ཞིག་ཡིན་པ་དང་ཁོང་ཚོ་ནི་བཅིངས་འགྲོལ་གཏོང་ཆེད་ཡོང་བ་ཞིག་རེད”ཅེས་བརྗོད་ཀྱི་ཡོད།
   བོད་རིགས་མང་ཚོགས་ཀྱིས་བཅིངས་འགྲོལ་དམག་ལ་བརྩེ་སེམས་ཟབ་མོ་བཅངས་པ་ནི་བཅིངས་འགྲོལ་དམག་བོད་དུ་ཡོང་རྗེས་དམའ་རིམ་གྱི་མི་སེར་ཚོར་བཅིངས་འགྲོལ་བཏང་ནས་ཁོང་ཚོར་རང་དབང་ཐོབ་པ་དང་རང་ཉིད་ཀྱི་བདག་པོར་དངོས་འབྲེལ་གྱུར་བར་བྱས་པས་རེད། འཇམ་དཔལ་རྒྱ་མཚོས“བཅིངས་འགྲོལ”ཞེས་པའི་ནང་བོད་རིགས་མང་ཚོགས་ཚོས་བཅིངས་འགྲོལ་དམག་དང་ཏང་ལ་བཅངས་བའི་བརྩེ་དུང་འདུས་ཡོད་ཅེས་བཤད།
   ཏང་གི་གསོ་སྐྱོང་འོག་འཇམ་དཔལ་རྒྱ་མཚོ་གྲགས་ཅན་གྱི་བོད་རིག་པ་མཁས་ཅན་ཞིག་ཏུ་གྱུར་ནས་ཁོང་གིས་ཏང་དང་རྒྱལ་ཁབ་དང་མི་དམངས་བཅིངས་འགྲོལ་དམག་ལ་བཀའ་དྲིན་གྱི་བསམ་པ་འཆང་བ་དང་དགའ་གཅེས་ཆེན་པོ་བྱས་ཏེ་ཆེད་མངགས་བཅིངས་འགྲོལ་དམག་གིས་བོད་དུ་བསྐྱོད་པའི་དཀའ་སྤྱད་ཀྱི་ལམ་བུའི་ཁྲོད་བོད་རིགས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་ཆེད་འབད་འཐབ་ཆེན་པོ་བྱས་པའི་བརྩམས་སྒྲུང་ཞིག་ཀྱང་བྲིས་ཡོད་པ་རེད།
   “བཅིངས་འགྲོལ”ཞེས་པ་བོད་རིགས་མང་ཚོགས་མང་པོའི་མིང་ལ་གྱུར་པ་མ་ཟད། ད་དུང་བོད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཡོད་པའི་ས་གཞི་ཆེ་མོའི་ཐོག“བཅིངས་འགྲོལ་ལམ”དང“བཅིངས་འགྲོལ་སྡེ་ཁུལ”“བཅིངས་འགྲོལ་གྲོང་ཚོ”སོགས་བཀྲག་མདངས་འཚེར་བའི་ས་གཤིས་མཚོན་རྟགས་མང་པོ་བཙུགས་ནས་ལམ་འཚོལ་མཁན་ཚོར་ལམ་སྟོན་བྱེད་ཀྱི་ཡོད།
    མི་སེར་ཚོས་བཅིངས་འགྲོལ་དམག་གི་བཀའ་དྲིན་མཚོན་པར་བྱ་ཆེད། “བཅིངས་འགྲོལ་དམག་མི”ཞེས་པ་དམངས་གཞས་ནང་བཅུག་ཡོད་ཅེས་འཇམ་དཔལ་རྒྱ་མཚོས་བཤད།