འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་21ཉིན།

༄༅།།སྒོར་5800དགོས་པའི་ངོས་ལེབ་གློག་ཀླད་ཉོ་དགོས་ཟེར་མཁན་ལ་ཐག་བཅད་འདི་འདྲ་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་21ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཨན་ཧུའུ་པེང་པུའུ་གྲོང་ཁྱེར་གྱི་ཁྱིམ་བདག་ཞིག་གིས་གོང་ལ་ཞུས་དོན། ཝུའུ་ཧོ་རྫོང་ཡུའུ་དབྱིང་སློབ་འབྲིང་གིས་སློབ་མ་རྣམས་ལ་སྒོར་5800དགོས་པའི་ངོས་ལེབ་གློག་ཀླད་ཉོ་དགོས་པའི་བླང་བྱ་བཏོན་ཡོད། ཞིབ་བཤེར་བྱས་པ་བརྒྱུད། མང་ཚོགས་ཀྱིས་ཞུས་པའི་གནས་ཚུལ་ནི་ངོ་མ་ཡིན་པས། སློབ་གཙོ་ལི་ལིའང་ལ་ལོ་གཅིག་རིང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་རྒྱུའི་ཐག་བཅད་པ་དང་། སློབ་གྲྭའི་སྤྱི་ཁྱབ་ལས་འཛིན་པའི་ལྷན་ཚོགས་ལ་ལི་ལིའང་གྱི་སློབ་གཙོའི་གོ་གནས་དུས་བཀག་ཐོག་གདན་ཞུ་མཚམས་འཇོག་བྱེད་དགོས་པའི་བཀའ་ཕབ་པ་དང་། ཡུའུ་དབྱིང་སློབ་འབྲིང་གིས་སྒྲིག་འགལ་ངང་སློབ་མའི་ས་ནས་ངོས་ལེབ་གློག་ཀླད་ཀྱི་རིན་པ་བསྡུ་བའི་བྱ་སྤྱོད་སྤེལ་མཚམས་འཕྲལ་མར་འཇོག་དགོས་པའི་བཀའ་ཕབ་པ་རེད། 
    དེ་སྔ་གསར་འགྱུར་སྤེལ་དོན། 
    ཀྲུང་གོ་སྲིད་གཞུང་དྲ་བས་ཟླ་4ཚེས་19ཉིན་སྤེལ་བའི་གནས་ཚུལ། པེང་པུའུ་གྲོང་ཁྱེར་གྱི་སྐུ་ཞབས་ཝང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་“དྲ་སྦྲེལ+ལྟ་སྐུལ་ཞིབ་བཤེར”སྤྱི་སྟེགས་བརྒྱུད་ནས་བཤད་དོན། ཝུའུ་ཧོ་རྫོང་ཡུའུ་དབྱིང་སློབ་འབྲིང་གིས་སློབ་མ་རེས་སྒོར་5800གཏོང་དགོས་པའི་ངོས་ལེབ་གློག་ཀླད་རེ་ཉོ་དགོས་ཟེར་ཞིང་། དེ་ནི་སྦྱོང་ཚན་བཀོད་སྒྲིག་དང་སློབ་སྦྱོང་ལ་བེད་སྤྱོད་དགོས་པ་བཤད། 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་ལྟ་སྐུལ་གཞུང་ལས་ཁང་གིས་སྐུ་ཞབས་ཝང་གི་སྐད་འཇོག་འབྱོར་རྗེས།ཐོག་མར་ཞིབ་བཤེར་བྱས་ནས།ཨན་ཧུའུ་ཞིང་ཆེན་སྲིད་གཞུང་ལ་ལས་སྒྲུབ་བྱ་རྒྱུ་བརྒྱུད་སྐུར་བྱེད་ཡོད།​
    ཨན་ཧུའུ་ཞིང་ཆེན་སྲིད་གཞུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་ལྟ་སྐུལ་གཞུང་ལས་ཁང་གིས་བརྒྱུད་སྐུར་བྱེད་པའི་གནད་དོན་ཁུངས་སྣེ་འབྱོར་རྗེས། གཟབ་ནན་ངང་ཞིབ་བཤེར་བྱེད་པའི་སྒྲིག་འཛུགས་བྱས་ཡོད། ཞིབ་བཤེར་བྱས་པ་བརྒྱུད། མང་ཚོགས་ཀྱིས་ཞུས་པའི་གནད་དོན་དེ་ངོ་མ་ཡིན་པ་རེད། 2021ལོའི་ཟླ་1ཚེས་5ཉིན། པེང་པུའུ་གྲོང་ཁྱེར་ཝུའུ་ཧོ་རྫོང་ཡུའུ་དབྱིང་སློབ་འབྲིང་གིས་རང་འདོད་ངང་འབྲེལ་ཡོད་ཁེ་ལས་སློབ་གྲྭའི་ལོ་རིམ་བདུན་པའི་འཛིན་གྲྭ་ཁག་ཅིག་ལ་ཡོང་ནས་ངོས་ལེབ་གློག་ཀླད་འགྲེམས་ཚོང་བྱ་རྒྱུ་མོས་མཐུན་བྱས་ཡོད་ཅིང་། ངོས་ལེབ་གློག་ཀླད་རེ་ལ་སྒོར་2200ཡིན་པ་དང་། སྤྱི་སྟེགས་བེད་སྤྱོད་རིན་པ་ལོ་གཅིག་ལ་སྒོར་1200ཡིན་ཞིང་། ལོ་3ནང་སྒོར་3600སྤྲོད་དགོས་ཤིང་། མཉེན་ཆས་དང་སྲ་ཆས་བསྡོམས་ནས་བརྩིས་ན་སྒོར་5800སྤྲོད་དགོས་པ་རེད། 
    རིན་པ་ནི་ལོ་ལྟར་སྤྲོད་ཐབས་ཀྱིས་སློབ་མ་ནས་བསྡུ་རྒྱུ་ལག་བསྟར་བྱེད་པ་སྟེ། ལོ་དང་པོར་སྒོར་2800དང་། ལོ་གཉིས་པ་དང་ལོ་གསུམ་པ་སོ་སོར་སྒོར་1500སྤྲོད་དགོས། 2021ལོའི་ཟླ་1ཚེས་27ཉིན་བར། འབྲེལ་ཡོད་ཁེ་ལས་ཀྱིས་ཡུའུ་དབྱིང་སློབ་འབྲིང་ལོ་རིམ་བདུན་པའི་འཛིན་གྲྭ་4ཡི་སློབ་མ་234ལ་ངོས་ལེབ་གློག་ཀླད་སྤྲད་ཡོད་ཅིང་། དེའི་ཁྲོད་དུ་མི་142གིས་རིན་པ་སྤྲད་ཟིན་ཡོད(མི་རེས་སྒོར་2800སྤྲད་པ་དང་། ཚང་མ་བསྡོམས་ན་སྒོར་ཁྲི་39.76སྤྲད་ཡོད།)མི་92ཀྱིས་ད་ལྟར་སྤྲོད་མེད། 
     ཝུའུ་ཧོ་རྫོང་སྲིད་གཞུང་གིས་《འོས་འགན་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》སོགས་སྒྲིག་ཁྲིམས་ལ་གཞིགས་ནས། ཡུའུ་དབྱིང་སློབ་འབྲིང་གིས་སློབ་མའི་ས་ནས་ངོས་ལེབ་གློག་ཀླད་ཀྱི་རིན་པ་བསྡུ་བའི་བྱ་སྤྱོད་སྤེལ་མཚམས་འཕྲལ་མར་བཞག་སྟེ་བསྡུས་ཟིན་པའི་རིན་པ་ཚང་མ་ཕྱིར་སློག་དགོས་པའི་བཀའ་ཕབ། གཏན་འབེབས་ལས་འགལ་ཏེ་རིན་པ་བསྡུས་པའི་གནད་དོན་དེ་ཝུའུ་ཧོ་རྫོང་སློབ་གསོ་ལུས་རྩལ་ཁོངས་གཏོགས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་། སློབ་གྲྭ་དང་འགོ་ཁྲིད་ཚན་ཁག་2021ལོའི་ལོ་འཁོར་གྱི་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱི་ཕུལ་བྱུང་དཔྱད་འདེམས་དང་སྔོན་ཐོན་དཔྱད་འདེམས་ཀྱི་ཐོབ་ཐང་མེད་པར་བཟོས་པ་མ་ཟད། དུས་ཡུན་ཟླ་བ་གཅིག་རིང་གི“རྫོང་ཡོངས་ཀྱི་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱི་རིན་པ་བསྡུ་བའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ཟླ་བའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པའི་བཀའ་ཕབ་པ་རེད།  པེང་པུའུ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་འཕེལ་རྒྱས་སྒྱུར་བཅོས་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་སོགས་སྡེ་ཚན་དང་མཉམ་དུ་དཔེ་གཅིག་གིས་དོན་བརྒྱ་མཚོན་པ་བཞིན་སློབ་གྲྭའི་སྒྲིག་འགལ་གྲོན་དངུལ་གང་བྱུང་བསྡུ་བའི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭ་1600ལ་མཐིལ་རྟོགས་གྲལ་བཤེར་བྱས་པ་རེད།