འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་20ཉིན།

༄༅།།བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་ཤེས་ཡོང་བ་བྱེད་དགོས།

—— ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་20ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག ཏང་ཡོངས་ཀྱིས་ཏང་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་ནས་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་བྱས་ནས་ཀྲུང་གོ་དང་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བར་གོ་བ་ལོན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཚོར་བ། ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ནི་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བར། བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་ཐུབ་པ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས།
    མཛུབ་ཁྲིད་བསམ་བློ་ནི་སྲིད་ཏང་ཞིག་གི་བསམ་པའི་དར་ཆ་ཡིན། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་ལས་ཐོག་མར་བསམ་བློ་དང་རིགས་པའི་གཞུང་ལུགས་ཐོག་གི་སྔོན་ཐོན་རང་བཞིན་མཚོན་པར་བྱེད་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་མཁས་པོ་བྱ་རྒྱུ་ནི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་ཞིག་ཡིན། ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་ཨང་དང་པོ་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་ནས་ལོ་རྒྱུས་ཀྱིས་མར་ཁེ་སི་རིང་ལུགས་འདེམས་དོན་དང་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་བྱས་ཏེ་རྒྱུན་ཆད་མེད་པར་ཀྲུང་གོར་འགྱུར་ལྡོག་བཏང་བར་གོ་བ་ལོན་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཐོག་ནས་སྔར་བས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་ཏང་ཡོངས་གོང་བུ་གཅིག་འགྲིལ་བྱ་རྒྱུ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་དངོས་ཀྱི་ཉམས་མྱོང་གཅིག་སྡུད་ཐོག་ཕྱོགས་སྡོམ་བྱས་པ་ཞིག་རེད་ལ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་ཙམ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་བཅས་ཀྱི་ལོ་རྒྱུས་ཉམས་མྱོང་གི་སྙིང་བསྡུས་ཟབ་མོ་ཞིག་ཀྱང་རེད། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་གཙོ་གནད་ཅིག་ཡིན་པའི་བསམ་བློའི་སྟོབས་ཤུགས་ཆེན་པོ་འདི་ཚོར་ཤེས་ཡོང་བར་དམ་འཛིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་དགོས།
    རིགས་པའི་གཞུང་ལུགས་ཀྱི་གསོན་ཤུགས་ནི་གསར་གཏོད་ལ་ཐུག་ཡོད། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད་ལ་ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ལོ་ངོ་100ཡི་རིང་། རང་རེའི་ཏང་གིས་བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་། རྩ་བ་བརྟན་ཚུགས་དང་དྲང་སྲུང་གསར་གཏོད་ཕན་ཚུན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཡུལ་ཁམས་གསར་པ་ཟམ་མི་ཆད་པར་བཏོད་པས། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་འཁྲུངས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཁྲུངས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་གཅིག་གྱུར་ཟབ་ཏུ་འགྲོ་བར་བསམ་བློའི་རྨང་གཞི་བརྟན་པོ་མཁོ་འདོན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཕྱོགས་ཡོངས་ནས་རྣམ་པ་གསར་པ་གཏོད་པ་བཅས་དེ་དག་ཚང་མ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའམ་ཡང་ན་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་དང་། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་བཅས་ཚང་མ་ལས། དགོངས་པ་གལ་ཆེན་དེས་ལག་ལེན་ལ་མཛུབ་ཁྲིད་དང་ལག་ལེན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། “འབད་འཐབ”རྟགས་ཅན་གྱི་གཏིང་ཚད་སྨི་ཁྲི་ཟིན་པ་དང་། “མཁའ་འདྲི་དང་པོ”སྐར་མ་མིག་དམར་གྱི་འཁོར་ལམ་དུ་བསྐྱོད་པ། སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་རི་མཐོ་གཡང་གཟར་བརྒལ་བ། 5Gབརྡ་རྟགས་རྒྱ་ཆེ་བའི་གྲོང་ཁྱེར་དང་གྲོང་གསེབ་ཏུ་མགྱོགས་མྱུར་ཁྱབ་པ་སོགས་ཀྲུང་གོའི་ས་གཞི་ཆེ་མོ་ལས་དེ་བས་མཛེས་སྡུག་ལྡན་པའི་རྣམ་པ་མངོན་ཡོད་ལ། དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་གསོན་ཤུགས་ཀྱང་མངོན་ཡོད། 2020ལོར་རང་རྒྱལ་གྱི་GDPསྒོར་དུང་ཕྱུར་ཁྲི་100ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། དགོངས་པའི་འོད་ཟེར་ཟམ་མི་ཆད་པར་མདུན་སྐྱོད་ཀྱི་བརྗིད་ཆེའི་སྟོབས་ཤུགས་སུ་གྱུར་པ། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་དེ་བས་བརྗིད་ཉམས་ལྡན་པའི་སྒོ་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད། དེ་དག་ཚང་མ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དུས་རབས་གསར་པའི་འོད་སྟོང་གསར་པ་བཏོད་པ་ལས་བྱུང་བ་ཞིག་རེད།
    དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་བཞིན་ཡོད། “ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ནས། དཀའ་སྤྱད་འབད་འཐབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ཚེ། ང་ཚོས་དད་མོས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་། བསམ་པའི་ཀལ་གསབ་ཐུབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་ཐུབ་པ་མ་ཟད། ལེགས་ཆ་དང་། རང་འགུལ། འབྱུང་འགྱུར་བཅས་ཟམ་མི་ཆད་པར་ཐོབ་ནས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱར་བརྟན་པའི་བྱ་གཞག་རླབས་པོ་ཆེ་སྐྲུན་ཐུབ།