འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་19ཉིན།

༄༅།།སློབ་འབྲིང་གི་ཚོང་ཁང་འགན་གཙང་ལེན་པར་ལོ་3ནང་སྒོར་ཁྲི་320དགོས་པ་དེ་སུས་
རྩིས་རྒྱག་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་19ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར་“ཧུའུ་ནན་ཞིན་ཉིང་སློབ་འབྲིང་གཉིས་པའི་ཚོང་ཁང་ཆུང་བའི་བོགས་དངུལ་ཆེ་དྲག་པའི”གནད་དོན་ལ་ཀུན་གྱིས་ཚ་ཚ་འུར་འུར་དུ་གླེང་བཞིན་ཡོད། གསར་འགྱུར་སྤེལ་བར་གཞིགས་ན། ཚོང་ཁང་ཆུང་ཆུང་དེའི་བོགས་དངུལ་སྒོར་ཁྲི་68ནས་འགོ་བརྩམས་ཡོད་པ་དང་། ལུའི་མིང་འཛིན་པ་ཞིག་ལ་སྒོར་ཁྲི་320ཐོག་ནས་ཉོ་ཚོང་འགྲན་ཐོབ་བྱུང་བ་རེད། 
    འདི་ནི་སློབ་གྲྭའི་ཚོང་ཁང་ཆུང་བ་གོང་ཆེན་ཀུན་གྱི་མིག་ལམ་དུ་བྱུང་ཐེངས་དང་པོ་མ་རེད། དེ་སྔོན་2016ལོར། ཀོང་ཞི་ནན་ཉིང་སློབ་འབྲིང་གསུམ་པའི་ཚོང་ཁང་ལ་སྒོར་ཁྲི་173བྱས་ནས་བོགས་མར་བཏང་བའི་གནས་ཚུལ་བྱུང་བར། སྤྱི་དམངས་ཀྱིས་བོགས་དངུལ་ཆེན་པོས་སློབ་མའི་འཛད་སྤྱོད་ལ་གནོན་ཤུགས་སྤྲོད་མིན་ཐད་གླེང་མོལ་མང་པོ་བྱུང་ཡོད། 
    གསར་འགྱུར་སྤེལ་བར་གཞིགས་ན། “ཞིན་ཉིང་སློབ་འབྲིང་གཉིས་པ”ནི་བཀག་སྡོམ་དོ་དམ་རྣམ་པའི་སློབ་གྲྭ་ཞིག་ཡིན་པས་སློབ་མ་རྣམས་རང་མོས་ངང་སློབ་གྲྭའི་ཕྱི་ནང་དུ་འགྲོ་འོང་བྱེད་མི་ཆོག དུས་རྒྱུན་དུ་ཟ་ཁང་དུ་ཟ་མ་ཟ་རྒྱུ་ཕུད། འགྲོ་ས་མང་ཤོས་ནི་ཚོང་ཁང་ཆུང་ཆུང་དེ་ཡིན། བཀག་སྡོམ་གྱི་འཛད་སྤྱོད་ཁོར་ཡུག་འོག་སྒེར་སྡེམ་ཚོང་གཉེར་རྣམ་པ་འབྱུང་སླ་པོ་ཡོད་ཅིང་། སློབ་མའི་གོང་བསྒྲིགས་པའི་ནུས་པ་ཆུང་བས་འཕྲོག་རེས་བྱེད་པའི་“ཤ་ཚོན་པོ་”ཞིག་ཏུ་འགྱུར་སྲིད། བོགས་དངུལ་དེ་འདྲ་མཐོན་པོ་ཡིན་པས་ཚོང་པས་ལྐོག་ཏུ་རིན་གོང་སྤར་བ་དང་། ཚོང་ཟོག་སྤུས་ཞན་འཚོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་གཉེར་སྐྱོང་མ་དངུལ་དེ་སློབ་མའི་ཐོག་ཏུ་རྩིས་རྒྱག་སྲིད་དམ། 
   མདོར་ན། ཚོང་ཁང་གསར་འཛུགས་བྱེད་པའམ་བོགས་མར་གཏོང་བ་གང་ཡིན་རུང་། ཆེས་གལ་ཆེ་བ་ནི་སློབ་མའི་ཁེ་ཕན་དང་ཟས་རིགས་བདེ་འཇགས་འགན་ལེན་བྱེད་པ་དེ་ཡིན། སློབ་གྲྭ་ནི་ཚོང་ར་མ་རེད། སློབ་མའི་ཁུག་མའི་ནང་གི་དངུལ་འདོན་བསམ་ན། དྭངས་གཙང་གི་སློབ་རའི་མཁའ་དབུགས་བཙོག་པར་བཟོ་སྲིད། ཚོང་ཁང་ཆུང་ཆུང་གི་བོགས་དངུལ་ཇི་ཙམ་མཐོ་རུང་། དེ་ནི་སློབ་མར་ཞབས་ཞུ་བྱེད་ས་ཙམ་ཞིག་ཡིན་པས། ཚོང་རྫས་རིན་གོང་ཅི་ནུས་ཀྱིས་ཇེ་དམའ་རུ་བཏང་ནས། སློབ་མར་གོང་ཁེ་ཞིང་སྤུས་ཚད་ལེགས་པའི་ཚོང་ཟོག་མཁོ་འདོན་བྱེད་དགོས། སློབ་གྲྭའི་ངོས་ནས་བཤད་ན་ཚན་རིག་དང་མཐུན་པར་ཚོགས་ཚོང་བརྒྱབ་རྗེས། ད་དུང་ཚོང་ཁང་ཆུང་ཆུང་གི་ཚོང་རྫས་ཀྱི་རྣམ་པ་དང་། སྤུས་ཚད། རིན་གོང་སོགས་ཐད་ནས་དུས་ཐོག་ཏུ་ལྟ་སྐུལ་བྱེད་པ་དང་། ལུགས་མཐུན་གྱི་ལྟ་སྐུལ་ཡག་པོ་བྱས་ནས་སློབ་མའི་ཁེ་དབང་འགན་སྲུང་བྱེད་དགོས།