འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་19ཉིན།

༄༅།།གནས་ཚུལ་འདི་རིགས་ཡོད་ན་མཐོ་རྒྱུགས་སུ་ཞུགས་མི་ཆོག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་19ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའི་དྲ་ཚིགས་ཐོག《2021ལོའི་གཙོ་གནད་མཐོ་སློབ་ཀྱིས་མུ་མཐུད་གྲོང་གསེབ་སོགས་ས་ཁུལ་ལ་ཕྱོགས་ནས་སློབ་བསྡུའི་ཆེད་དོན་འཆར་གཞི》ཁྱབ་བསྒྲགས་བྱས་པ་དང་། 2021ལོར་གྲོང་གསེབ་དང་དེ་སྔའི་ས་ཁུལ་དབུལ་པོར་ཕྱོགས་པའི་གཙོ་གནད་མཐོ་སློབ་ཀྱི་སློབ་བསྡུའི་ཆེད་དོན་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས། ཆེད་དོན་འཆར་གཞིའི་ལག་བསྟར་ས་ཁོངས་དང་། ཐོ་འགོད་ཆ་རྐྱེན། བསྡུ་ལེན་བྱེད་ཐབས་སོགས་འབྲེལ་ཡོད་སྲིད་ཇུས་ལ་འགྱུར་ལྡོག་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད། 
སློབ་གསོ་པུའུ་ཡིས་ས་གནས་ཁག་དང་མཐོ་སློབ་ཁག་གིས་དོ་དམ་ཚད་ལྡན་ཡོང་བར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། ཆེད་དོན་འཆར་གཞིའི་ཐོ་འགོད་ཆ་རྐྱེན་ལག་བསྟར་ནན་པོ་བྱེད་པ། ཐོབ་ཐང་ཞིབ་དཔྱད་བྱ་ཐབས་འཐུས་ཚང་དུ་གཏོང་བ། སློབ་གསོ་དང་སྤྱི་བདེ་སོགས་སྡེ་ཁག་མང་པོའི་མཉམ་འབྲེལ་ཞིབ་དཔྱད་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུགས་སྤྲོད་སློབ་མའི་ཐེམ་ཐོ་དང་སློབ་གྲྭའི་ཁོང་གཏོགས་སོགས་ཀྱི་ཆ་འཕྲིན་ལ་ཞིབ་དཔྱད་ནན་ཏན་བྱེད་པ་དང་། ཐོ་འགོད་ཐོབ་ཐང་རྫུན་མ་བཟོ་རིགས་ནན་འགོག་བྱེད་དགོས་པ་ནན་གྱིས་བཤད་ཡོད། 
    ལྟ་སྐུལ་ཚོད་འཛིན་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་དང་། ཞིང་ཆེན་རིམ་པ། མཐོ་སློབ། སློབ་འབྲིང་བཅས་རིམ་བཞིའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས། སྤྱི་ཚོགས་ཀྱི་ལྟ་སྐུལ་ཐེར་འདོན་དང་ཞིབ་བསྡུར་ལམ་སྲོལ་ཤར་གཏོང་ཐུབ་པ་བྱས་ཏེ། རྒྱུགས་སྤྲོད་སློབ་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། 
ཞིང་ཆེན་རིམ་པའི་སློབ་བསྡུ་གཞུང་ལས་ཁང་གིས་མཐོ་རིམ་སློབ་གྲྭས་རྒྱལ་ཁབ་ཀྱི་སློབ་བསྡུའི་སྲིད་ཇུས་དང་སློབ་གྲྭའི་སློབ་བསྡུའི་སྒྲིག་ཡིག་ལག་ལེན་བསྟར་བར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་དོན་འཆར་གཞིའི་སློབ་བསྡུའི་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། རང་ཉིད་ཀྱི་ཆ་འཕྲིན་རྫུན་མའམ་ཡང་ན་དཔྱད་ཡིག་རྫུས་མ་མཁོ་འདོན་བྱེད་མཁན་གྱི་རྒྱུགས་སྤྲོད་སློབ་མ་དག་རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ནང་གཡོ་ལས་བྱས་པར་ངོས་འཛིན་གཏན་འཁེལ་བྱས་ནས། དེའི་ཆེད་དོན་འཆར་གཞིའི་ཐོབ་ཐང་དང་ལོ་དེའི་མཐོ་རྒྱུགས་ཐོབ་ཐང་མེད་པར་བཟོ་རྒྱུ་དང་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་རེད།