འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་19ཉིན།

༄༅།།ནེ་པ་ལའི་དམངས་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཀྲུང་གོས་རོཌ་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་
སྨན་ཁབ་གཟེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་19ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་8ཉིན་གྱི་ཞོགས་པ། ལོ་41ལ་སླེབས་པའི་ཏ་ཁར་ཀ་ཏ་མན་རྡུ་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་གཞུང་ལས་པའི་སྨན་ཁང་དུ་ཡོང་། ཁོང་དང་མཉམ་དུ་བང་བསྒྲིགས་མཁན་མི་300ཙམ་ཡོད་པ་དང་ཁོང་ཚོ་ཚང་མས་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་གཟེད་རྩིས་བྱེད་ཀྱི་ཡོད།
     “ཀྲུང་གོའི་རིམས་འགོག་སྨན་ཁབ་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ནས་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་རིམས་འགོག་སྨན་ཁབ་འདི་རྒྱག་བཞིན་ཡོད། སྨན་ཁབ་འདི་བརྒྱབ་ཚེ། ཏོག་དབྱིབས་ནད་དུག་གསར་པར་ང་སྐྲག་གི་མི་འདུག”ཅེས་ཁོང་གིས་དགའ་སྤྲོའི་ངང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།
     རིམས་འགོག་སྨན་ཁབ་དེ་དག་ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པ་དང་ཟླ་3ཚེས་29ཉིན་ནེ་པ་ལ་སྲིད་གཞུང་གིས་གནམ་གྲུ་གླས་ཏེ་པེ་ཅིང་ནས་ཀ་ཏ་མན་རྡུར་དབོར་བ་རེད། ནེ་པ་ལའི་ཙུང་ལི་ཨའོ་ལི་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཅ་ཝ་ལི་སོགས་སྲིད་ཕྱོགས་མི་སྣ་གལ་ཆེན་ཙུང་ལིའི་ལས་ཤག་ཏུ་འཚོགས་པའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
     ཀྲུང་ནེའི་མཐའ་མཚམས་སུ་ཡུན་རིང་གྱོན་ཆས་སྡེབ་ཚོང་གི་ལས་ལ་ཞུགས་པའི་ཏ་ཁར་སྔོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ཚོགས་སྤྱིའི་ཁོངས་སུ་གཏོགས། ནེ་པ་ལའི་འཕྲོད་བསྟེན་དང་མི་འབོར་པུའི་འཆར་གཞི་གཞིར་བཟུང་། འཕྲོད་བསྟེན་ལས་དོན་པ་དང་། མཐའ་མཚམས་ཀྱི་ཚོང་པ། ཀྲུང་གོར་སྐྱོད་མཁན་ཕྱི་སྦྱོང་སློབ་མ། ཡིག་ཟམ་གློག་འཕྲིན་སྡེ་ཚན་གྱི་ལས་དོན་པ། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་དང་སྤ་སེ་འཚོང་མཁན། ཟོག་འདྲེན་བཟོ་པ་སོགས་སྔོན་ལ་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་གྲས་སུ་ཚུད་ཡོད།
     ཚེས་7ཉིན་ནི་ནེ་པ་ལས་ཀྲུང་གོའི་རིམས་འགོག་སྨན་ཁབ་རྒྱག་པའི་ཉིན་དང་པོ་དེ་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་གིས་སྐྲུན་རོགས་བྱས་པའི་གཞུང་ལས་པའི་སྨན་ཁང་དུ་རྒྱག་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོའུ་ཡན་ཆི་དང་ནེ་པ་ལའི་འཕྲོད་བསྟེན་སྡེ་ཚན་གྱི་དཔོན་རིགས་སོགས་མཛད་སྒོར་ཞུགས་ནས་ས་གནས་ས་ཐོག་ཏུ་མི་100ལྷག་ཙམ་ལ་རིམས་འགོག་སྨན་ཁབ་བརྒྱབ་པའི་དཔང་པོ་བྱས་ཡོད། ཀྲུང་གོའི་རིམས་འགོག་སྨན་ཁབ་རྒྱག་ས་ཀ་ཏ་མན་རྡུ་གྲོང་ཁྱེར་དང་ཕ་ཐན་སོགས་རྫོང་7གྱི་དམིགས་འཛུགས་སྨན་ཁང་23དུ་བཀོད་སྒྲིག་བྱས་པ་དང་། ཚེས་7ཉིན་མི་2655ཡིས་ཀྲུང་གོའི་རིམས་འགོག་སྨན་ཁབ་ཐེངས་དང་པོ་དེ་བདེ་བླག་ངང་གཟེད་པ་རེད།
     གཞུང་བཙུགས་སུའུ་ཁེ་ལ་ཅེ་ཚ་ཁུལ་དང་འགོ་ནད་སྨན་ཁང་ནི་ནེ་པ་ལའི་རྒྱལ་ཡོངས་ཀྱི་འགོ་ནད་འགོག་བཅོས་སྨན་ཁང་ཨང་དང་པོ་དེ་ཡིན། ཚེས་8ཉིན་སྨན་ཁང་གི་འགན་འཁུར་བ་པན་ཏ་ལིས་མི་རྣམས་ཞོགས་པ་སྔ་པོ་ནས་ཀྲུང་གོའི་རིམས་འགོག་སྨན་ཁབ་གཟེད་པར་ཡོང་བ་དང་སྨན་ཁང་དེས་ཚེས་7ཉིན་མི་300ལྷག་ཙམ་ལ་རིམས་འགོག་སྨན་ཁབ་ཐེངས་དང་པོ་དེ་བརྒྱབ་པ་དང་ཚོད་དཔག་བྱས་ན་ཉིན་དེར་མི་500ཙམ་ལ་རིམས་འགོག་སྨན་ཁབ་རྒྱག་ཐུབ་རྒྱུ་རེད་ཅེས་བཤད།
     ལོ་32ལ་སླེབས་པའི་ཤར་པ་ལི་ནེ་པ་ལའི་སྨན་བཅོས་འཐུས་ཚབ་མཐུན་ཚོགས་སུ་ལས་ཀ་བྱེད་ཀྱི་ཡོད། ཚེས་8ཉིན་གཞུང་ལས་པའི་སྨན་ཁང་གི་རིམས་འགོག་སྨན་ཁབ་རྒྱག་སར་ཁོང་གིས“ང་ནི་སྨན་སྦྱོར་པ་ཞིག་ཡིན། ང་ཀྲུང་གོའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་རྦད་དེ་ཡིད་ཆེས་ཡོད”ཅེས་བཤད་ཅིང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོའི་མཐུན་ཚོགས་ཀྱི་ཁོངས་མི་1700ལྷག་ཙམ་གྱིས་ཀྲུང་གོའི་རིམས་འགོག་སྨན་ཁབ་གཟེད་རྩིས་ཡོད་པ་རེད།
     ལོ་24ལ་སླེབས་པའི་ཏི་ཝ་ལི་ནི་ཧྲང་ཧའེ་ཡི་སློབ་ཆེན་ཞིག་ཏུ་སློབ་སྦྱོང་བྱེད་མཁན་ནེ་པ་ལའི་ཕྱི་སྦྱོང་སློབ་མའི་བུ་མོ་ཞིག་ཡིན་པ་དང་ན་ནིང་ཟླ་6པར་ཀྲུང་གོ་ནས་ནེ་པ་ལར་ཕྱིར་ལོག་བྱས། “ཀྲུང་གོས་དཀའ་བ་ཚད་མེད་སྤྱད་དེ་རིམས་ནད་ཚོད་འཛིན་ཇི་ལྟར་བྱས་པ་ངས་དངོས་སུ་མཐོང་བྱུང་། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་ནུས་པ་ཡང་ཀུན་གྱིས་མཐོང་གསལ་རེད། དེར་བརྟེན། ང་དེ་རིང་རིམས་འགོག་སྨན་ཁབ་ཐེངས་དང་པོ་དེ་རྒྱག་པར་ཡོང་བ་ཡིན”ཞེས་ཏི་ཝ་ལིས་གསར་འགོད་པར་བཤད།