འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་19ཉིན།

༄༅།།རོགས་རེས་དང་དད་སེམས་ལས་གཅེས་སེམས་ཆེན་པོ་མཚོན།

—— དབུན་ཁྲོན་ས་ཡོམ་ཆེན་པོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་བསམ་པའི་སྟོབས་ཤུགས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་19ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤེ་ཅའོ་དང་ཞའོ་ཡུང་ཧང་།
     སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་དབྱིན་ཤིའུ་གྲོང་རྡལ་དུ། ཞོགས་པ་སྔ་པོར་ལངས་པའི་མི་རྣམས་རི་འདབས་སུ་ཇ་ལོ་འཐུ་བར་བསྐྱོད་དེ་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་རེད།
     དེ་ག་ནི་2008ལོའི་དབུན་ཁྲོན་ས་ཡོམ་ཆེན་པོའི་ཡོམ་ལྟེ་རེད།
      རི་ཉིལ་ས་གས་ཀྱི་གེགས་བར་ཆེན་པོ་དེ་ད་དུང་གསལ་པོར་དྲན་གྱི་འདུག དེ་སྔ་གས་ཆགས་དང་གཏོར་སྐྱོན་ཚབས་ཆེན་ཕོག་ཁུལ་དེར་ཡིད་དུ་འོང་བའི་ཐོག་ཁང་ཆུང་ངུ་དང་། གཙང་སྦྲ་དོད་པའི་ཁྱིམ་དུད། དར་རྒྱས་ཆེ་བའི་ཟོག་འགྲེམས་སོགས་དར་རྒྱས་གོང་འཕེལ་གྱི་རྣམ་པ་རབ་ཏུ་མངོན་ཡོད་པ་རེད།
     དབུན་ཁྲོན་ནས་མེན་ཀྲུའུ་བར་དང་པེ་ཁྲོན་ནས་ཆིང་ཁྲོན་བར་སོགས་ཞུམ་པ་མེད་པའི་མི་སྒེར་གྱི་ལས་དབང་གི་འགྱུར་ལྡོག་དང་། ཚོགས་སྤྱི་གཅིག་རྗེས་གཉིས་མཐུད་ངང་མདུན་སྐྱོད་ཀྱི་ལམ་བུ། སྤྱི་ཡོངས་དར་རྒྱས་འགྲོ་བའི་ཐོན་ལས་ཀྱི་རྣམ་པ་སོགས་ཕྱོགས་གང་ས་ཅི་ཐད་ནས་ཀྲུང་གོའི་སྟོབས་ཤུགས་ལ་བརྟེན་ནས་གྲུབ་པའི་བསྐྱར་སྐྲུན་གྱི་ངོ་མཚར་མཚོན་ཡོད།
     གཅེས་སེམས་ཆེན་པོ་བརྒྱུད་སྤྲོད་བྱས་པ།
     མེན་ཀྲུའུ་གྲོང་ཁྱེར་ཧན་ཝང་གྲོང་རྡལ་དུ་ཆུ་ཚོད་14དང་སྐར་མ་28ལ་ས་ཡོམ་ཆེན་པོ་བརྒྱབ་པ།
     ཞབས་བྲོའི་དགེ་རྒན་ལེའོ་ཀྲི་ཞིག་རོའི་འོག་ཏུ་ལུས་ནས་ཆུ་ཚོད་30ཙམ་ཕྱིན་རྗེས་གཞི་ནས་བཅིངས་འགྲོལ་དམག་མིས་བསྐྱབས་མོད། འོན་ཀྱང་ས་ཡོམ་ཆེན་པོ་དེས་ལེའོ་ཀྲིའི་རྐང་པ་གཉིས་ཤོར་བ་དང་ཟླ་བ་བཅུ་ལྷག་ཕྱིན་པའི་ཕྲུ་གུ་དང་དེ་བཞིན་ཁྱིམ་ཚང་ཡང་མེད་པར་གྱུར།
     རྨས་སྐྱོན་དྲག་སྐྱེད་བྱུང་ནས་ཟླ་བ་གཉིས་ཕྱིན་རྗེས།
     ཁོང་གིས《རྔ་བྲོ》ཞེས་པའི་ཞ་བའི་ཞབས་བྲོ་གར་སྟེགས་འཁྲབ་སྟོན་བྱས་ཤིང་། ཁོང་གིས་ཐེངས་དང་པོར་རྔ་ཆེན་ཐོག་གར་གྱི་སྟངས་སྟབས་བསྒྱུར་ཏེ་ལས་དབང་ལ་འགྲན་སློང་བྱེད་པའི་རྔ་སྒྲ་རེ་རེ་བསྒྲགས་ཤིང་། ཚེ་སྲོག་གི་ཞུམ་པ་མེད་པའི་རྔ་བྲོ་དེ་ལས་མི་མང་པོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད།
     “ངའི་ཚེ་སྲོག་བཅིངས་འགྲོལ་དམག་མི་དང་སྲིད་གཞུང་གིས་བསྐྱབས་པ་ཡིན་པས་ངས་རྟག་ཏུ་ཐུགས་རྗེ་ཆེ་ཞུ་གི་ཡོད”ཅེས་ལེའོ་ཀྲི་ཡིས་བརྗོད།
     ད་ཆ། ལེའོ་ཀྲི་དང་ཁོང་གི་བཟའ་ཟླ་ཆི་ཧྥན་གྱིས“ཐོ་རེངས་སྐར་ཆེན་ཁྱིམ་གཞིས”བཙུགས་ནས། རྐང་ལག་དྲག་སྐྱེད་ཁང་བཙུགས་ནས་བདེ་ཐང་སླར་གསོའི་ཞབས་འདེགས་ཞུ་གི་ཡོད་ཅིང་། ད་བར་རིམ་རྩིས་བརྒྱབ་ན་ཡན་ལག་སྐྱོན་ཅན་60ལྷག་ཙམ་སླར་ཡང་ལངས་ཐུབ་པར་བྱས་ཡོད་པ་རེད།
     སྐྱོ་གདུང་ལས་ཐར་བའི་དབུན་ཁྲོན་གེགས་ཁུལ་གྱི་མི་རྣམས་ཀྱིས་རང་འགུལ་ངང་ཚེ་སྲོག་གི་ཉམས་འགྱུར་ཞིག་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་སྟེ།
     —— དེ་སྔའི་པེ་ཁྲོན་སློབ་འབྲིང་གི་ཡན་ལག་ཆད་པའི་བྱིས་པ་ཏའེ་གོ་ཧུང་ད་ཆ་ཆུ་རྐྱལ་ལུས་རྩལ་པ་ཞིག་ཏུ་གྱུར་ཏེ། རྒྱལ་ཁབ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་9ཐོབ་ཡོད་པ་རེད།
     —— 2020ལོའི་དཔྱིད་གསར་དུས་ཆེན་སྐབས་ཝུའུ་ཧན་གྲོང་ཁྱེར་བཀག་སྡོམ་བྱས་པས། མེན་ཀྲུའུ་ཡི“90ནང་སྐྱེས”ཀྱི་བུ་མོ་ཝང་ལིས་ཟླ་བ་1ལྷག་ཙམ་རིང་སྒེར་འཁོར་བཏང་ནས་ཚ་བ་རྒྱས་པའི་ནད་པ་སྨན་ཁང་ལ་བསྐྱལ་བ་དང་། “ང་སྐྲག་གི་མི་འདུག དབུན་ཁྲོན་ས་ཡོམ་སྐབས་ང་ཚོར་མི་མང་པོས་རོགས་རམ་བྱས་བྱུང་། ད་ཆ་ངས་གཞན་ལ་རོགས་རམ་བྱེད་དགོས”ཞེས་ཁོང་གིས་བཤད།
     —— “ང་ཚོར་རོགས་རམ་བྱེད་མཁན་མེད་པར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་སྐབས། རྒྱལ་ཡོངས་ནས་དངོས་ཟོག་དབོར་ཡོང་བ་དང་། ད་ཆ་ཝུའུ་ཧན་ལ་དཀའ་ངལ་འཕྲད་པས། ངས་སྔོ་ཚལ་ཚང་མ་ཁོང་ཚོར་ཞལ་འདེབས་རྒྱག་གི་ཡིན”སི་ཁྲོན་ཞིང་ཆེན་ཧྲེན་ཧྥང་གྲོང་ཁྱེར་གྱི་ཝུའུ་ཆང་དང་ཕན་ཏཱ་ཧྲུའུ་སོགས་ཞིང་པ་མང་པོ་ཞིག་གིས་རང་ཁྱིམ་གྱི་སྔོ་ཚལ་རྒྱ་མ་ཁྲི་40ལྷག་ཙམ་ཝུའུ་ཧན་ལ་ཞལ་འདེབས་བརྒྱབ་པ་རེད།
     རོགས་རེས་ལས་བརྩེ་སེམས་མངོན།
     “ཇ་ཤང་ཙི”ནི་དབྱིན་ཤིའུ་གྲོང་རྡལ་གྱི་སྦུག་ཏུ་ཡོད་ལ། དེ་ནས་ཇའི་དྲི་ཞིམ་ཕྱོགས་བཞིར་འཐུལ་གྱི་ཡོད་པ་རེད།
    སྦྱིན་བདག་ཅང་ཝེ་མིང་ནི་ནུབ་ལམ་མཐའ་ཇའི(བོད་ཇ)སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་པ་ཞིག་ཡིན།
    དབུན་ཁྲོན་དབྱིན་ཤིའུ་གྲོང་རྡལ་གྱི་ཇ་བཟོའི་ལག་རྩལ་སླར་གསོ་བྱ་ཆེད། 2012ལོར་དབུན་ཁྲོན་རྫོང་སྲིད་གཞུང་གིས་ཁོང་མོང་ཏིང་རི་བོ་ནས་དབྱིན་ཤིའུ་གྲོང་རྡལ་དུ་གདན་དྲངས་པ་རེད།
     ཞིག་རོར་འགྱུར་ཟིན་པའི་དབྱིན་ཤིའུ་གྲོང་རྡལ་ས་ཆ་དེ་རང་དུ་བསྐྱར་སྐྲུན་བྱས་ཡོད། གྲོང་རྡལ་གྱི་ཁང་པ་ཚང་མ་གས་སྲུབས་ས་རྒྱུད་ནས་གཡོལ་ཡོད། ས་ཡོམ་རིམ་པ་8ཀྱི་ཡོམ་འགོག་ཚད་གཞི་ལྟར་འཆར་འགོད་བྱས་པ་མ་ཟད། སྔོན་ཐོན་གྱི་ཡོམ་འགོག་ལག་རྩལ་དང་། གནོད་འཚེ་ཉུང་གཏོང་ལག་རྩལ། ཨར་སྐྲུན་རྒྱུ་ཆ་བཅས་རྒྱ་ཁྱབ་ངང་སྤྱད་ཡོད། མང་ཚོགས་ཀྱི་འཚོ་བར་བསམ་གཞིག་བྱས་ནས་སྡོད་ཁང་གསར་པའི་ཐོག་སོ་དང་པོ་བོགས་གཏོང་ཁང་པ་དང་ཐོག་སོ་གཉིས་པ་དང་གསུམ་པ་སྡོད་ཁང་ལ་ཇུས་འགོད་བྱས་ཡོད།
     ཅང་ཝེ་མིང་དེ་གར་ཡོང་སྐབས་ས་ཡོམ་རྗེས་ཀྱི་ལོ་བཞི་པ་ཡིན་པ་རེད།
     ཞིབ་ཚགས་པའི་ཅང་ཝེ་མིང་གིས། ཁང་པ་གསར་པའི་ནང་སྡོད་མཁན་དབྱིན་ཤིའུ་བའི་སེམས་ནང་དུ་སྡུག་བསྔལ་སྔར་བཞིན་ཡོད་པས། ཉིན་ལྟར་ཏང་ཡོན་ལས་བྱེད་པ་དུད་ཚང་དུ་བསྐྱོད་ནས་དཀའ་ངལ་ཡོད་མཁན་ལ་རོགས་རམ་དང་མཉམ་དུ་བསྡད་ནས་སེམས་གསོ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
     —— ས་ཡོམ་ཁྲོད་མཚང་ཚིགས་བརྡབས་པའི་དབྱིན་ཤིའུ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཞུས་ཚའེ་དབྱིང་གིས་ཉིན་མོར་གྲོང་རྡལ་དེའི་ཡུལ་སྐོར་དང་གྲོང་མིའི་ལས་ཞུགས་ལ་སེམས་ཁྲལ་བྱེད་པ་དང་མཚན་མོར་རྒྱུན་དུ་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད་པ་རེད།
     —— ས་ཡོམ་ཁྲོད་ཏང་དར་འཕྱར་བཞིན་ཡོང་བའི་ཐེན་ཅིན་གྱི“ཏང་ཡོན་ཡོམ་འགོག་གེགས་སེལ་འཕྲལ་སྒྲུབ་རུ་ཁག”ཅིག་དེ་གར་བསླེབས་པ་ནས་ད་བར་ཁ་བྲལ་མྱོང་མེད། གནོད་འཚེ་ཚབས་ཆེན་ཕོག་པའི་ཡུས་ཙི་ཤིས་གྲོང་ཚོར་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་རེད། འགན་འཁུར་བ་ཙོའུ་ལིང་གིས་ཏང་རྩ་འཛུགས་ཀྱི་འབྲེལ་བ་དབྱིན་ཤིའུ་གྲོང་རྡལ་དུ་བསྒྱུར་ནས་ཡུས་ཙི་ཤིས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བྱས་པ་རེད།
     ཅང་ཝེ་མིང་དང་ཁོང་གི་བཟའ་ཟླ་དབྱིན་ཤིའུ་གྲོང་རྡལ་དུ་སྤོས་ནས་གྲོང་རྡལ་དེའི་གྲོང་མི་གསར་པར་གྱུར། ཁོང་གིས་ཇ་བཟོ་བར་བླང་བྱ་ཧ་ཅང་ནན་པོ་འདོན་གྱི་ཡོད་པ་དང་ཐོན་རྫས་ལའང་སྐད་གྲགས་ཡོད་པ་རེད། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་དབྱིན་ཤིའུ་གྲོང་རྡལ་དང་ཉེ་འཁོར་གྱི་མུའུ་1100ཡོད་པའི་གནའ་བོའི་ཇ་ཤིང་ལྡུམ་ར་ཡག་པོ་སྤྱད་དེ་ཉེ་འཁོར་གྱི་ཞིང་དུད་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད།
     མི་ཁྲི་སྟོང་མང་པོས་དབུན་ཁྲོན་གེགས་ཁུལ་ལ་རོགས་རམ་བྱས་པས་ལོ་གསུམ་གྱི་བསྐྱར་སྐྲུན་ལས་འགན་ལོ་གཉིས་ནང་ལེགས་གྲུབ་བྱུང་ཡོད། སྔོན་ཆད་དེ་ནི་ལེགས་སྒྲུབ་བྱེད་ཐབས་བྲལ་བའི་ལས་འགན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མོད། ཡིན་ན་ཡང་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་མཉམ་དུ་ལེགས་སྒྲུབ་ཐུབ་ཡོད་པ་རེད།
     སི་ཁྲོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི“5·12”དབུན་ཁྲོན་ས་ཡོམ་ཆེན་པོའི་ལོ་10ཡི་གེགས་ཁུལ་དཔལ་འབྱོར་འཕེལ་རྒྱས་སྙན་ཞུ་ལས་མངོན་པར། 2009ལོ་ནས་2017ལོ་བར་དབུན་ཁྲོན་དང་། པེ་ཁྲོན། མེན་ཀྲུའུ། ཧྲེན་ཧྥང་བཅས་ཚུད་པའི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་10རུ་ཆ་སྙོམས་ལོ་རེར་13.1%འཕར་ནས་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གྲངས་2.1མཐོ་བ་ཡོད་པ་རེད།
     ཏང་གི་རྗེས་སུ་འབྲངས་ན་གང་ལའང་སྐྲག་མི་དགོས།
     ཆིང་ཁྲོན་རྫོང་ཆའོ་ཀྲོང་གྲོང་རྡལ་ཙའོ་ཧྲུའུ་གྲོང་ཚོའི་ལོ་57ལ་སླེབས་པའི་ཞིང་པ་ཧྲེ་ཀོང་ཝུའུ་ཆུང་དུས་ལག་པ་གཡས་པ་སྐྱོན་ཅན་དུ་གྱུར་ཡོད་པ་དང་ཁོང་གི་བཟའ་ཟླ་ཀྲང་ཀྲེང་ཧྥང་ནི་འོན་ལྐུགས་ཡིན་པ་རེད། ཁོང་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་གྲོང་ཚོའི་ནང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད།
     དབུན་ཁྲོན་ལ་ས་ཡོམ་རྒྱག་སྐབས་ཧྲེ་ཀོང་ཝུའུ་ཡི་སྡོད་ཁང་དང་ཚོང་ཁང་ཆུང་ཆུང་ཚང་མ་བརྡིབས་པ་རེད། རོགས་སྐྱོབ་རུ་ཁག་གི་རོགས་རམ་འོག་ཉིན་གཉིས་སོང་རྗེས་ལམ་འགྲམ་དུ་སྐབས་འཕྲལ་སྡོད་ཁང་གཉིས་བརྒྱབ་ནས་གནས་སྐབས་ཚོང་ཁང་ཆུང་ཆུང་སླར་ཡང་སྒོ་ཕྱེ་བ་རེད།
     “ས་ཡོམ་གྱི་རྗེས་སུ་ཙའོ་ཧྲུའུ་གྲོང་ཚོ་དང་ཆིང་ཁྲོན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ང་ཚོ་གེགས་ཁུལ་མང་ཚོགས་ཀྱིས་ཏང་དང་རྒྱལ་ཡོངས་མི་དམངས་ཀྱི་བཀའ་དྲིན་བརྗེད་མི་སྲིད”ཅེས་ཧྲེ་ཀོང་ཝུའུ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད། 2008ལོའི་རྒྱལ་སྟོན་གོང་ཁོང་སྡོད་ཁང་གསར་པའི་ནང་སྤོས་ནས་ས་གནས་དེ་གའི་གཏན་འཇགས་སྡོད་ཁང་ནང་སྤོ་མཁན་ཞིང་དུད་ཐོག་མར་གྱུར།
     དེ་རྗེས་ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག་ཁོང་གིས་ད་དུང་རླངས་འཁོར་ཞིག་ཉོས་པ་དང་། ཁོང་གི་བུ་ཡིས་འགྲུལ་སྐྱེལ་ལས་ལ་གཞོལ་ནས་ཡོང་འབབ་བསགས་ཀྱི་ཡོད། “ཉིང་པོའི་རོགས་སྐྲུན་པས་ང་ཚོའི་གྲོང་ཚོ་བསྐྱར་སྐྲུན་ལ་བྱས་རྗེས་ཆེན་པོ་བཞག་ཡོད”ཅེས་ཧྲེ་ཀོང་ཝུའུ་ཡིས་བརྗོད། ཙའོ་ཧྲུའུ་གྲོང་ཚོ་བསྐྱར་སྐྲུན་བྱ་ཆེད། རོགས་སྐྲུན་བཀོད་འདོམས་པུའུ་ཡིས་མ་དངུལ་བཏང་བ་མ་ཟད་ད་དུང་ལག་རྩལ་གྱི་མཛུབ་སྟོན་ཡང་བྱས་པ་དང་གྲོང་མི་ཚོ་དང་མཉམ་དུ་ལས་ཀ་བྱས་ཡོད། 2009ལོའི་ཟླ་6པར་གྲོང་ཚོ་ཡོངས་ཀྱི་གནོད་འཚེ་ཕོག་མཁན་དུད་ཚང་207ཚང་མ་སྡོད་ཁང་གསར་པའི་ནང་སྤོས་ཡོད། དབུན་ཁྲོན་ས་ཡོམ་ཆེན་པོའི་གེགས་རྗེས་བསྐྱར་སྐྲུན་ལས་དོན་མཇུག་བསྒྲིལ་རྗེས། ས་གནས་དེ་གའི་སྲིད་གཞུང་གིས་ལས་ཀའི་གཙོ་གནད་འཕྲལ་དུ་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ཐད་བསྒྱུར་པ་དང་། 2011ལོར་རེས་སྐོར་དང་པོའི་ཤིན་ཏུ་དབུལ་བའི་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ཁྲོད“སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པ”སོགས་ཀྱི་ཉམས་མྱོང་ལ་དཔེ་བལྟས་པ་དང་། མ་དངུལ་འབོར་ཆེན་བཏང་ནས་རྫོང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དཀའ་གནད་ཐག་བཅད་པས། 2019ལོར་དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་ཕུད་པ་དང་། 2020ལོའི་བར། རྫོང་དེ་ཡོངས་ཀྱི་རིམ་རྩིས་བརྒྱབ་ན་དུད་ཚང་དབུལ་པོ་9809ཡི་དབུལ་པོ་30338ཉུང་དུ་ཕྱིན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པ་རེད།