འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།སྡེ་ཚན་11གིས་དབུལ་སྒྲོལ་རྫོང་ལ་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱི་སྲིད་ཇུས་
མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། 《རྫོང་དབུལ་པོར་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱི་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》གྱི་བླང་བྱ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནོར་སྲིད་པུས་སྣེ་ཁྲིད་དེ་རྫོང་དབུལ་པོར་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱེད་པའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བར་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་832ཀྱིས་རིམ་རྩིས་བརྒྱབ་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.5ལྷག་ཙམ་བསྡུ་སྒྲིལ་བྱས་ནས། ཐོན་ཁུངས་གཅིག་སྡུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པའི་ཀྲུང་དབྱང་གི་བླང་བྱར་གཞིགས་ཏེ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། ནོར་སྲིད་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་10དང་མཉམ་དུ《དབུལ་སྒྲོལ་རྫོང་ལ་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་བེད་སྤྱོད་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་སྟེ། 2021ལོ་ནས་2023ལོའི་བར་དབུལ་སྒྲོལ་རྫོང་ལ་མུ་མཐུད་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱེད་པའི་ཚོད་ལྟའི་སྲིད་ཇུས་གཏན་འཁེལ་བྱས་པ་དང་། 2024ལོ་ནས་2025ལོའི་བར་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་བར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
   《བརྡ་ཐོའི》ནང་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་ནང་བསྡུ་སྒྲིལ་ཚོད་ལྟའི་སྲིད་ཇུས་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་བྱ་རྒྱུ་དང་བསྡུ་སྒྲིལ་མ་དངུལ་ཁྱབ་ཁོངས་ནང་འཇུག་རྒྱུ་རྩ་དོན་ཐོག་འགྱུར་ལྡོག་གཏོང་རྒྱུ་མིན་པ་རེད། དེའི་ཁྲོད་ཀྲུང་དབྱང་རིམ་ངོས་ཀྱི་མ་དངུལ་རྣམ་གྲངས་ཆེན་པོ་16ཡོད་པ་དང་ས་གནས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རིམ་པ་དེ་གའི་བསྡུ་སྒྲིལ་བྱེད་པའི་མ་དངུལ་ཁྱབ་ཁོངས་གཏན་འཁེལ་བྱེད་ཆོག་པ་གསལ་པོ་འཁོད་ཡོད་པ་རེད།
   ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་རྗེས་ཀྱི་དུས་བབ་དང་ལས་འགན་འགྱུར་ལྡོག་ལ་གཞིགས་ཏེ། 《བརྡ་ཐོའི》ནང་བསྡུ་སྒྲིལ་བྱེད་པའི་ཚོད་ལྟའི་ཁྱབ་ཁོངས་དང་། མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་བྱེད་པའི་གཙོ་གནད། མ་དངུལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བླང་བྱ། མ་དངུལ་རྣམ་གྲངས་ལྟ་སྐུལ་དོ་དམ། རྩ་འཛུགས་ཀྱི་འགན་ལེན་སོགས་གཙོ་བོར་བྱས་ནས་གཏན་འབེབས་དང་ལེགས་སྒྲིག་བྱས་ཡོད།
   གཅིག་ནས་བསྡུ་སྒྲིལ་བྱས་པའི་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་པའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཤིང་། དབུལ་སྒྲོལ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་དགོས་མཁོར་གཞིགས་ཏེ། གཏན་འབེབས་ལྟར་བསྡུ་སྒྲིལ་ཁྱབ་ཁོངས་ནང་བཅུག་པའི་མ་དངུལ་ཆེ་གྲས་ཁག་16དེ་དག་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རིགས་ཀྱི་རྣམ་གྲངས་ལ་སྤྱོད་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཁྱབ་ཁོངས་ནང་འབྲེལ་མཐུད་བྱས་ནས་སྤྱི་འདོམས་བེད་སྤྱོད་བྱ་རྒྱུའི་བཀོད་སྒྲིག་བྱེད་དགོས། ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་སྔོན་ཚུད་ཀྱི་གནས་བབ་ཐོག་འཇོག་པ་དང་དབུལ་སྒྲོལ་ས་ཁུལ་གྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས(དགོས་ངེས་ཀྱི་ཐོན་ལས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད)འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་དབུལ་སྒྲོལ་རྫོང་གིས་བསྡུ་སྒྲིལ་བྱས་པའི་མ་དངུལ་རྣམས་ཐོན་ལས་རྣམ་གྲངས་ཐད་སྔོན་ལ་སྤྱོད་དགོས་པའི་གཏན་འབེབས་ཁ་གསལ་བྱེད་དགོས། གཉིས་ནས་དབུལ་སྒྲོལ་རྫོང་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་བླང་བྱ་ལེགས་སུ་གཏོང་དགོས་ཤིང་། ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་བཅས་རིམ་པའི་ནོར་སྲིད་ཀྱིས་མ་འཇོག་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་སྲིད་ཇུས་ཀྱི་བླང་བྱར་གཞིགས་ཏེ་ཆ་རྐྱེན་དང་མཐུན་པའི་དབུལ་སྒྲོལ་རྫོང་ལ་མུ་མཐུད་གཟིགས་སྐྱོང་བྱེད་དགོས། རྩ་དོན་ཐོག་བསྡུ་སྒྲིལ་གྱི་ཚོད་ལྟའི་ཁྱབ་ཁོངས་ནང་བཅུག་པའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ནས་དབུལ་སྒྲོལ་རྫོང་832ལ་བཏང་བའི་མ་དངུལ་བསྡོམས་འབོར་གྱི་འཕར་ཚད་དེ་རྣམ་གྲངས་ཁག་གི་མ་དངུལ་གྱི་ཆ་སྙོམས་འཕར་ཚད་ལས་མི་དམའ་བའམ་ཡང་ན་ལོ་དེར་དབུལ་སྒྲོལ་རྫོང་ལ་བཀོད་སྒྲིག་བྱས་པའི་མ་དངུལ་ལས་རྫོང་ཁག་ལ་ཆ་སྙོམས་སུ་བཏང་བའི་གཞི་ཁྱོན་དེ་རྫོང་གཞན་དག་གི་རྫོང་ཁག་ལ་ཆ་སྙོམས་སུ་མ་འཇོག་བྱས་པའི་གཞི་ཁྱོན་ལས་མི་དམའ་བ་དགོས། གསུམ་ནས་རྣམ་གྲངས་མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དབུལ་སྒྲོལ་རྫོང་ལ་ལོ་འཁོར་གྱི་མ་དངུལ་བསྡུ་སྒྲིལ་གྱི་ལག་བསྟར་ཇུས་གཞི་བཟོ་རུ་བཅུག་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་མཛོད་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་གྲབས་གསོག་ཡག་པོ་བྱེད་པ། གཙོ་གནད་རྣམ་གྲངས་དང་འཛུགས་སྐྲུན་ལས་འགན་གཏན་འཁེལ་ཡག་པོ་བཅས་བྱས་ནས་དབུལ་སྒྲོལ་གྲོང་ཚོ་དང་གྲོང་ཚོ་གཞན་དག་དང་། དབུལ་སྒྲོལ་དུད་ཚང་དང་དུད་ཚང་གཞན་དག་ལ་དུས་གཅིག་ཏུ་ལྟ་རྟོག་བྱེད་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཉེན་ཁའི་མངོན་མེད་རྐྱེན་ངན་ཏན་ཏིག་ངང་འགོག་ཟོན་དང་བསལ་ནས་བསྡུ་སྒྲིལ་བྱས་པའི་མ་དངུལ་དེ་བུ་ལོན་འཇལ་བ་དང་མ་དངུལ་གཏའ་འཇོག་གམ་ཡང་ན་ཉོ་སྒྲུབ་དང་། ཁེ་ལས་ཐོ་འགོད། ཐེབས་རྩ་འཛུགས་པ། རིགས་ཁག་གི་འགན་བཅོལ་ཉོ་བ་སོགས་ལ་སྤྱོད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱེད་དགོས།