འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་13ཉིན།

༄༅།།སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཆེན་མོ་དཔེ་སྐྲུན་འགྲེམ་སྤེལ་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་13ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཆེན་མོ་དཔེ་སྐྲུན་འགྲེམ་སྤེལ་བྱས།
   དེ་ཡང་རྙིང་མ་རྒྱུད་འབུམ་ཞེས་པ་ནི་དུས་རབས་བརྒྱད་པའི་ནང་དུ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་པཎ་ཆེན་བཱི་མ་མི་ཏྲ་དང་། སློབ་དཔོན་པདྨ་འབྱུང་གནས། མཁན་ཆེན་བོ་དྷི་སཏྭ་སོགས་རྒྱ་གར་གྱི་པཎྜི་ཏ་བརྒྱ་རྩ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན། སྐ་ཅག་ཞང་གསུམ་སོགས་ལོ་ཙཱ་བརྒྱ་རྩས་རིག་འཛིན་མཁའ་འགྲོའི་གནས་དང་། འཕགས་ཡུལ་སོགས་སུ་བཞུགས་པའི་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྒྲ་སྒྱུར་རྒྱ་གར་གླིང་དུ་རྒྱ་གར་གྱི་སྐད་སོགས་ལས་བོད་སྐད་དུ་བསྒྱུར། ཤར་གྱི་འཇམ་དཔལ་གླིང་དུ་འཆད་ཉན་གྱིས་གཏན་ལ་ཕབ། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་སྨིན་བྱེད་དབང་གི་སྒོ་ཕྱེས། མི་གཡོ་བསམ་གཏན་གླིང་དང་མཆིམས་ཕུ་བྲག་ཡེར་པ་སོགས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒྲུབ་གནས་སུ་ཉམས་སུ་བླངས་བས་མཁས་གྲུབ་ཀྱི་སྐྱེས་བུ་རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཆེན་བརྒྱད་ཅུ་སོགས་བསམ་གྱིས་མི་ཁྱབ་པ་བྱོན། བསྟན་པ་སྔ་དར་གྱི་མཇུག་ཏུ་ཨར་ཚོ་བནྡེ་བཅོ་བརྒྱད་སོགས་ཆོས་ལོག་སྤྱོད་པ་མང་པོ་བྱུང་བ་སོགས་ལ་བརྟེན་སྔ་འགྱུར་ལ་རྩོད་པ་མང་དུ་བྱུང་ཡང་། སྔ་འགྱུར་གྱི་རྒྱ་དཔེ་བསམ་ཡས་པེ་ཧར་དཀོར་མཛོད་གླིང་དུ་བཞུགས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཟིགས་པས་གསང་སྔགས་ཀྱི་རྒྱུད་སྡེ་ལ་མཐའ་མི་དཔོག་པའི་ཐུགས་ཀྱི་སྙེམས་པ་ཆགས་པའི་ཚུལ་གྱིས་འདི་ལྟ་བུའི་སྔགས་ཀྱི་བསྟན་པ་རྒྱ་གར་དུ་མ་དར་བས་ཨོ་རྒྱན་མཁའ་འགྲོའི་གླིང་དང་མཚུངས་པར་བསྔགས་པ་དང་། རྡོ་རྗེ་ཕུར་བའི་རྩ་དུམ་གྱི་རྒྱ་དཔེ་ས་སྐྱ་པཎྜི་ཏའི་ཕྱག་ཏུ་འབྱོར་ནས་བོད་སྐད་དུ་བསྒྱུར་བ་རྣམས་ཀྱི་རྐྱེན་ལས་ཐུགས་གཟུ་བོར་གནས་པ་རྣམས་ལ་སྔ་འགྱུར་གྱི་རྒྱུད་ལ་ཡང་དག་ཡིན་མིན་གྱི་རྩོད་པ་ཞི་ཞིང་། མངའ་རིས་པཎ་ཆེན་སྐུ་མཆེད་དང་། གཏེར་ཆེན་རཏྣ་གླིང་པ། ལྔ་པ་ཆེན་པོ། སྨན་གླིང་གཏེར་ཆེན་ཡབ་སྲས། རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱི་བཀའ་དྲིན་ལས་སྔ་འགྱུར་རྒྱུད་འབུམ་གྱི་དཔེ་ལུང་གཉིས་ཀའི་རྒྱུན་མ་ཉམས་པར་འཕེལ་རྒྱས་བྱུང་།
   དུས་རབས་བཅོ་བརྒྱད་པའི་མཇུག་ལ་(1794-1798)ཆེ་ཡོལ་རིག་འཛིན་ཆེན་པོའི་བཀས་བསྐུལ་ནས་སྡེ་དགེའི་ཆོས་རྒྱལ་ས་དབང་བདེ་དགའ་བཟང་པོའི་བཙུན་མོ། སྒ་རྗེ་བཟའ་ཚེ་དབང་ལྷ་མོས་བདག་རྐྱེན་གནང་ནས་སྔོན་གྱི་རྒྱུད་འབུམ་བྲིས་མ་མང་པོ་བསགས་ནས་ཕན་ཚུན་བསྡུར་ཏེ། སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་ཤིང་པར་དུ་བཞེངས་པ་ལ། ཞེ་དྲུང་པདྨ་རྣམ་དག་གིས་ཞུ་ཆེན་དང་། ཀཿཐོག་དགེ་རྩེ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ཀྱིས་ཞུ་ཆེན་དང་དེའི་དཀར་ཆག་《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ》ཞེས་པ་མཛད། འདི་ལ་དཀར་ཆག་དང་བཅས་པོད་༢༦བཞུགས་ཤིང་། འདི་ནི་དེང་དུས་རྒྱལ་ཕྱི་ནང་དུ་དར་ཁྱབ་ཆེ་བའི་རྒྱུད་འབུམ་ཉག་གཅིག་ཡིན་ལ། ལོ་རྒྱུས་སྟེང་སྔ་འགྱུར་གྱི་རྒྱུད་འབུམ་ཆ་ཚང་པར་དུ་བརྐོས་པ་གཅིག་པུའང་ཡིན།
    ཉེ་ཆར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་རྡོར་ནས་སྒྲིག་རྩོམ་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཆེན་མོ༽ཞེས་པའི་དེབ་འདིའི་དཀར་ཆག་ཏུ། དང་པོ་སྔ་འགྱུར་རྒྱུད་འབུམ་ཕྱོགས་སྒྲིག་གི་བྱུང་རིམ་མདོ་ཙམ་བཀོད་པ་དང་། གཉིས་པ་སྔ་འགྱུར་རྙིང་མའི་རྒྱུད་སྡེ་རིན་པོ་ཆེའི་ཕྱི་མོ་པར་དུ་བསྒྲུབས་པའི་ཚུལ་ལེགས་པར་བཤད་པ། གསུམ་པ་རྙིང་རྒྱུད་ཀྱི་བཞུགས་བྱང་ཞིབ་རྒྱས་མཐར་ཆགས་སུ་བཀོད་པ། བཞི་པ་ལེའུ་སོགས་སུ་ཕྱེ་རུ་གཏུབ་པ་རྣམས་ནང་གསེས་ས་བཅད་བཞུགས་བྱང་བྱེ་བྲག་ཏུ་བཀོད་པ། ལྔ་པ་ཆོས་ཚན་འདྲ་བ་ཅན་དང་ལེའུ་མང་ཉུང་སོགས་ཀྱི་ཁྱད་པར་ཡོད་པའི་རེའུ་མིག་ཟུར་དུ་བཀོད་པ། དྲུག་པ་འཚོལ་བདེ་བའི་ཆེད་དུ་ཆོས་ཀྱི་བཞུགས་བྱང་རྣམས་དམིགས་གསལ་ཀ་མད་ཀྱི་གོ་རིམ་ལྟར་བསྒྲིགས་པ་བཅས་སྐབས་དྲུག་ཏུ་དབྱེ་སྟེ་བསྒྲིགས་ཡོད་དོ།།